མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཏང་ནས་ལག་བསྟར་བྱས་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅིས། བཟོ་ལས་དང་ཞིང་ལས། གྲོང་ཁྱེར་དང་གྲོང་གསེབ་བཅས་ལ་གཅིག་འདོམས་སྒོས་ཇུས་འགོད་བྱེད་པ་དང་། མཁར་གྲོང་གིས་འཆར་འགོད་བཀོད་སྒྲིག་དང་གཙོ་རྒྱུ་བཀོད་སྒྲིག ཐོན་ལས་འཕེལ་རྒྱས། སྤྱི་ཐུན་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོབ་སོགས་ཕྱོགས་ནས་ཕན་ཚུན་མཉམ་འདྲེས་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ། ས་ཆ་སོ་སོས་རང་སྟེང་གི་དོན་དངོས་ལ་རྐང་བཙུགས་ནས་གནད་ཕིགས་ཇུས་བསྟར་བྱས་ཏེ། མཁར་གྲོང་སྡོད་དམངས་ཀྱིས་སྤུས་ལེགས་མཛེས་སྡུག་གི་འཚོ་བ་ཞིག་རོལ་ཐུབ་པར་བྱེད་པ་དང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་དགོས།
དབྱར་གཞུང་གི་དུས་སུ། ཧུའུ་པེ་ཨི་ཀྲོའུ་ཏུང་ཧྲན་སྡེ་བར་སིལ་ཏོག་གི་དྲི་ཞིམ་ཕྱོགས་བཞིར་འཐུལ་ཞིང་། ཞིང་ལས་ལ་རོལ་མྱོང་བྱེད་དུ་ཡོང་བའི་ཡུལ་སྐོར་བ་རྒྱུན་མི་ཆད་པ་མ་ཟད། ད་རུང་སློབ་གྲྭ་ཁ་ཤས་ཀྱི་འདི་རུ་ཞིབ་སློབ་སློབ་ཁྲིད་བྱེད་ཀྱིན་ཡོད། 2013ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏུང་ཧྲན་སྡེ་བར་ཕེབས་ནས་ཡུལ་མི་ཚོ་དང་བཞུགས་མོལ་གནང་། སྤྱི་ཁྱབ་ཧྲུའུ་ཅིས། མཁར་གྲོང་གི་རྒྱུ་གཉིས་གྲུབ་ཚུལ་མེད་པར་བཟོས་ནས། རྒྱ་ཆེའི་ཞིང་སྡེ་དེ་ཞིང་པའི་བདེ་སྐྱིད་ཀྱི་འཚོ་བ་རོལ་སའི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་དགོས་ཞེས་བསྟན། ཧུའུ་པེ་ཡི་མཁར་གྲོང་གཞི་གཅིག་ཅན་གྱི་ཚོད་ལྟའི་གྲོང་ཁྱེར་ཐོག་མ་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་ལ། ཨི་ཀྲོའུ་ཡིས“ཞིང་ལས་དང་ཚན་རྩལ།”“ཞིང་ལས་དང་ཡུལ་སྐོར”།“ཞིང་ལས་དང་ཟོང་འགྲུལ”བཅས་མཉམ་འབྲེལ་བྱས་པའི་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ལས་མ་ལག་ཅིག་རིམ་པ་བཞིན་བཙུགགས་པ་དང་། ད་ལྟ་ཏུང་ཧྲན་སྡེ་བས་ས་མུའུ་ཁྲི་ཡི་ཆུ་ཐོན་དང་ས་མུའུ་སྟོང་གི་པད་མ། ས་མུའུ་བརྒྱའི་མེ་ཏོག་ཡུན་ཧྭ་སོགས་ཀྱི་སྐྱེ་ཁམས་ཞིང་ལས་རྣམ་གྲངས22བསྐྲུན་ཡོད།
ད་ལྟ། ཏུང་ཧྲན་སྡེ་བ་རུ་རྐང་ཐང་དུ་སོང་ན། འགྲོ་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་བྱས་ཡོད་པ་དང་། གསང་སྤྱོད་ཁང་གཞིས་ཁྱིམ་དུ་འཛུགས་པ་དང་འཚོ་བའི་བཙོག་ཆུ་གཙང་སེལ་བསྡུ་རུབ། སྡེ་བའི་གཙང་སྦྲ། འཚོ་བའི་གད་སྙིགས་བརྒྱུད་འདྲེན་བཅས་ཡོངས་སུ་ཁེབས་པར་བྱས་ཡོད། སྡེ་བ་ཆུང་ཆུང་ཞིག་གི་འཕེལ་རྒྱས་དང་འཕོ་འགྱུར་ལས་རང་རྒྱལ་གྱི་མཁར་གྲོང་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ཤེས་ཐུབ།
མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ལ་དམིགས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་ཆོས་ཉིད་དང་མཁར་གྲོང་གི་འབྲེལ་བའི་འགྱུར་ལྡོག་གི་ཁྱད་ཆོས་ལ་གོ་བ་ཟབ་མོ་བླངས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་བཀོད་སྒྲིག་བཟང་བོ་བྱས་པ་དང་། རྣམ་པ་གསར་བའི་བཟོ་ལས་ཅན་དང་རྣམ་པ་གསར་བའི་མཁར་གྲོང་ཅན། གྲོང་གསེབ་ཁྱོན་ཡོངས་དར་སྤེལ་བཅས་ལ་ངེས་པར་དུ་གཅིག་འདོམས་བྱེད་པ་དང་། མཁར་གྲོང་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་གི་མཉམ་འདྲེས་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། མཁར་གྲོང་མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བར་ཡར་སྐུལ་བྱེད་རྒྱུ་ཕྱིར་བཏོན། 2024ལོར། རང་རྒྱལ་གྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི67ལ་སླེབས་པ་དང་། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་འབབ་འཕར་ཚད་དེ་མཁར་གྲོང་གི་སྡོད་དམངས་ལས་མགྱོགས་ལ། མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་བསྡུར་ཚད་ཇེ་ཉུང་དུ་སོང་ཡོད།
མཁར་གྲོང་གི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་སྔར་ལས་གེགས་མེད་ནུས་ལྡན་ཡོང་བར་བྱེད་དགོས། ད་ལོ་ནས་བཟུང་། ས་ས་སོ་སོས5G དང་ཟོང་སྦྲེལ་དྲ་རྒྱ། གཞི་གྲངས་ཆེན་མོ་སོགས་རབས་གསར་པའི་ཆ་འཕྲིན་ལག་རྩལ་གྲོང་གསེབ་ཏུ་སྤྱོད་རྒྱ་ཆེ་རུ་བཏང་བ་དང་ཆབས་ཅིག ད་དུང་ས་ཞིང་དང་ཤེས་ལྡན་པ་སོགས་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་བསྟུད་མར་ལེགས་སྒྱུར་བྱས་ཏེ། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཀྲེ་ཅང་ཨན་ཅི་རུ། ན་གཞོན་གྲོང་གསེབ་དུ་བསྐྱོད་པའི་འཕེལ་རྒྱས་རྐྱེན་སྲོལ་བཙུགས་ནས། ལས་གཏོད་གསོ་སྦྱོང་དང་ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཕྱོགས་སོ་སོ་ནས་རྒྱབ་སྐྱོར་འདོན་སྤྲོད་བྱས། མིག་སྔར་ན་གཞོན་ཁྲི་ལྔ་ལྷག་གྲོང་གསེབ་ཏུ་ཡོང་ནས་ལས་ཞུགས་ལས་གཏོད་བྱེད་ཀྱིན་ཡོད་པ་དང་། རིགས་མི་འདྲ་བའི་མ་དངུལ་སྒོར་ཐེར་འབུམ་གཅིག་དུང་ཕྱུར་གསུམ་བྱེ་བ་བདུན་བརྩོན་ལེན་བྱས། ད་ལོར་ཀྲེ་ཅང་གིས་ན་གཞོན་གྲོང་གསེབ་དུ་ཡོངས་ས་ལས་སྐྲུན་བྱེད་པའི་ལག་ལེན་ས་ཚིགས1000བསྐྲུན་རྩིས་ཡོད།
མཁར་གྲོང་གི་ཐོན་ལས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གང་མགྱོགས་གཏོང་དགོས། ད་ལོར། ས་ཆ་སོ་སོས་རྫོང་མཁར་གྱིས་གྲོང་ཁྱེར་ལ་སྦྲེལ་མཐུད་བྱེད་པ་དང་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྫོང་ཁོངས་འདྲེན་བྱེད་གཙོ་བོར་བྱས་པའི་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་བཏང་། ཁྲུང་ཆིན་གྱིས་ཁུལ་གནས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞིར་རྐང་བཙུགས་ནས། བར་ཁྱད་ཅན་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོ་བྱས་པ་དང་། ཁྱད་ལྡན་དགེ་མཚན་ཐོན་ལས་སྐྱེད་སྲིང་དང་གོང་འཕེལ་བཏང་སྟེ།“རྫོང་ཆུང་གྲོང་ཆེན”དང་“གྲོང་རྡལ་སྟོབས་ལྡན་གྱིས་སྡེ་བར་སྣེ་ཁྲིད་པའི”ཚོད་ལྟའི་ཐད་ནས་་ཕན་འབྲས་མངོན་གསལ་བླངས། ཏ་ཙུའུ་ས་ཁུལ་ཝན་ཀུའུ་གྲོང་རྡལ་དུ། ནུས་ཁུངས་གསར་པའི་འཕྲུལ་རྟའི་ཐོན་ལས་ཀྱིས་ལས་ཞུགས་ལས་རྐང8000ལྷག་འདོན་སྤྲོད་བྱས་པ་དང་། སྔོན་དཔག་ལྟར་ན2027ལོར་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཐོན་རིན་སྒོར་ཐེར་ཆེན་གཅིག་ཐེར་འབུམ་གཉིས་ལས་བརྒལ་སྲིད་པ་དང་། ཞིང་སྡེའི་ངལ་རྩོལ་པ་ཁྲི་གཅིག་དང་སྟོང་བརྒྱད་སླར་ཡང་བསྡུ་ལེན་བྱེད་ཆོག
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཐུན་ཞབས་ཞུ་དོ་སྙོམས་དང་ཀུན་ཕན་མཉམ་སྤྱོད་བྱེད་ཐུབ་པར་བྱས་ཡོད། ད་ལྟ་རང་རྒྱལ་གྱི་ཞིང་སྡེའི་རང་འབབ་ཆུ་ཁྱབ་ཚད94%ལ་སླེབས་པ་དང་། སྤྱོད་ཁང་ཁྱབ་ཚད75%ཡས་མས་སུ་སླེབས་ལ། ཞིང་སྡེའི་སྦྲག་སྐྱེལ་ཟོག་འདྲེན་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་། བསྡོམས་པས་སྡེ་བ་རིམ་པའི་སྦྲག་སྐྱེལ་ཟོག་འདྲེན་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འབུམ་གསུམ་ཁྲི་གསུམ་སྟོང་བདུན་བརྒྱད་བརྒྱ་བསྐྲུན། ཧྥུའུ་ཅན་དུ། སྐམ་སའི་ཡུལ་ཚོ་དང་གྲོང་རྡལ་བཅུ་ཆའི་བརྒྱད་ལྷག་ལ་སྐར་མ་སུམ་ཅུའི་སྟབས་བདེ་ཤར་བགྲོད་མྱུར་བགྲོད་གཞུང་ལམ་ལས་པ་དང་། ད་ལོར་ཞིང་སྡེ་འཛུགས་སྐྲུན་གྱི་སྤུས་འདེགས་མ་དངུལ་སྒོར་ཐེར་ཆེན་གཉིས་ཐེར་འབུམ་དྲུག་ཡན་གཏོང་རྒྱུ་རེད།
ད་ལོར། རང་རྒྱལ་གྱིས་ཞིང་སྡེའི་གཞུང་ལམ་སྤྱི་ལེ་འབུམ་གཅིག་དང་སྟོང་ལྔ་གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྩིས་ཡོད་པ་ལ། སྲ་འགྱུར་གཞུང་ལམ་ལས་པའི་གཞི་ཁྱོན་ཅུང་ཆེ་བའི་རང་བྱུང་སྡེ་བ་ཁྲི་གཅིག་དང་ཉིས་སྟོང་བཞི་བརྒྱ་གསར་སྣོན་བྱེད་རྒྱུའི་འཆར་གཞི་ཡོད། སྔོན་དཔག་ལྟར་ན། ད་ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་སྲིད་འཛིན་སྡེ་བར་རབས་ལྔའི་དྲ་རྒྱ་ཤར་གཏོང་ཐུབ་ཚད90%ལས་བརྒལ་བར་བྱེད་པ་དང་། རྫོང 50%རུ་སློབ་ཁྲིད་མཉམ་འབྲེལ་སྒྲིག་གཞི”འཛུགས་པ་དང་། རྫོང་དང་གྲོང་ཁྱེར90%ལྷག་ལ་དམ་ཚགས་ཅན་གྱི་རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བསྐྲུན་རྒྱུའི་རེ་བ་ཡོད། ཕན་ཚུན་སྐུལ་འདེད་གཏོང་བའི་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་རི་མོའི་ཤོག་དྲིལ་ཞིག་ཀྲུང་གོའི་ས་གཞིའི་སྟེང་དལ་བུར་འགྲེམ་བཞིན་ཡོད།