ཉེ་སྔོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་མཛད་སྐབས། ཧྲན་ཞི་ཡིས་ཏང་ཀྲུང་དབྱང་གིས་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་གོམ་སྟབས་གསར་པ་བསྒྱུར་ནས། ཧྲན་ཞིའི་ས་གཞི་ཆེན་མོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཧུར་ཐག་གིས་འབྲི་དགོས་ནན་གྱིས་བསྟན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། སེམས་ཤུགས་གཅིག་སྒྲིལ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་བསྐྲུན་དགོས་པའི་ཚུལ་བསྟན།
ཧྲན་ཞི་དབྱང་ཆོན་གྲོང་ཁྱེར་ཧྲི་ནའོ་རི་བོ་རུ། སྟོང་དཔུང་བརྒྱའི་གཡུལ་འགྱེད་ཆེན་མོའི་རྗེས་དྲན་རྡོ་རིང་ཀྲོང་ངེར་འགྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐེངས་འདིའི་རྟོག་ཞིབ་ཀྱི་ས་ཚིགས་དང་པོ་དེར་ཕེབས་ནས་ པཱ་ལུའུ་དམག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ། དེའི་རྗེས་སུ་སྤྱི་ཁྱབ་ཧྲུའུ་ཅིས་སྟོང་དཔུང་བརྒྱའི་གཡུལ་འགྱེད་ཆེན་མོའི་རྗེས་དྲན་ཁང་གི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྟོང་དཔུང་བརྒྱའི་གཡུལ་འགྱེད་ཆེན་མོའི་ལོ་རྒྱུས་ལས་ང་ཚོ་ཏང་གིས་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ཁྲོད་སྲོག་ཤིང་ལྟ་བུའི་ནུས་པ་ མངོན་པ་དང་། ཏང་གིས་འགོ་ཁྲིད་པའི་མི་དམངས་དམག་འཁྲུག་གི་སྟོབས་ཤུགས་ཆེན་པོ་མ་ལུས་པར་མངོན་ཡོད།
རྗེས་དྲན་ཁང་གི་ཚོམས་ཆེན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྟ་སྐོར་དུ་ཡོང་པའི་ན་གཞོན་ལོ་ཆུང་སློབ་མ་དང་རྗེས་དྲན་ཁང་གི་ལས་བྱེད་མི་སྣ་དང་མཛའ་བརྩེའི་བརྗེ་རེས་གནང་། ཁོང་གིས་གསུང་རྒྱུར། སྔ་མའི་བསླབ་བྱ་མ་བརྗེད་ན། ཕྱི་མ་འདོམས་པའི་དཔེ་རུ་འགྱུར་ཞེས་པ་ལྟར་དུ། གནས་འདིར་ཡོང་དོན་ནི་བསམ་པའི་ཉམས་སད་དང་ལེན་བྱེད་པར་ཡོང་བ་དེ་ཡིན་ལ། ན་གཞོན་དང་ལོ་ཆུང་རྣམས་དུས་སྐབས་བཟང་བོར་འཁེལ་བ་དང་། ཁོ་ཚོས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་རང་གི་ནུས་ཤུགས་འདོན་རྒྱུ་ཡིན་པའི་ཕུགས་འདུན་ཆེན་མོ་བཅངས་དགོས།
དབྱང་ཆོན་སྟེམ་སྒོ་མ་རྐང་ཚད་ཡོད་ཀུང་སི་ནི་རྒྱལ་ཁབ་ཀྱི་ཆེད་མཁས་དང་ཆེད་ཞིབ་ཁྱད་གསར་གྱི“གྱད་མི་ཆུང་བའི”ཁེ་ལས་ཤིག་ཡིན་ལ། ཐོན་རྫས་གཙོ་བོར་ལྕགས་བཞུ་དང་རྡོ་སོལ་བསྲེགས་མ། ཆུ་གློག རྫས་འགྱུར་བཟོ་ལས་སོགས་ཀྱི་ལས་རིགས་ཐད་སྤྱོད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས། སོལ་རླངས་ཀྱི་འགག་སྒོ་དང་གློག་སྒུལ་གྱི་སྟེམ་སྒོ་སོགས་ཐོན་རྫས་ཐོན་སྐྱེད་དང་བྲིན་ཚོང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་མཛད། སྤྱི་ཁྱབ་ཧྲུའུ་ཅིས། སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ནི་དངོས་ཕུང་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་ཡིན་པས། ཚོང་རའི་དགོས་མཁོ་ཁོང་དུ་ཆུད་པར་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་ཤུགས་བསྣན་ནས། སྲོལ་རྒྱུན་གྱི་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་སུ་འཇུག་དགོས་ཞེས་བསྟན།
རྒྱལ་ཁབ་ཀྱི་ཐོན་ཁུངས་ཅན་གྱི་དཔལ་འབྱོར་ཚུལ་སྒྱུར་ཕྱོགས་བསྡུས་ཆ་སྡེབས་བཅོས་སྒྱུར་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཞི་ལ་སྤྲད་པའི་འཐབ་ཇུས་ལས་འགན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློ་སྔར་ལས་གཅིག་གྱུར་བྱེད་པ་དང། ངེས་ཤུགས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མིག་སྔར། ཧྲན་ཞིའི་ཚུལ་སྒྱུར་ཕྱོགས་བསྡུས་བཅོས་སྒྱུར་དཔེ་སྟོན་ས་ཁུལ་གྱིས་ཚོང་རའི་གཙོ་གཞི་ཁྲི་དྲུག་དང་སྟོང་གསུམ་དང་། ལག་རྩལ་མཐོ་གསར་ཁེ་ལས1114སྐྱེད་སྲིང་བྱས་པ་དང་། བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་གྲངས་ཀྱིས་སོ་སོར་ཞིང་ཆེན་ཡོངས་ཀྱི་6.7%དང47.9%ཟིན་ནས། ཚད་སྤུས་མཉམ་འཕར་བྱེད་རྒྱུ་མངོན་འགྱུར་བྱུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚུལ་སྒྱུར་འཕེལ་རྒྱས་ཐད་ནསངེས་པར་དུ་བདེ་འཇགས་བརྟན་ལྷིང་གི་ཚད་མཐའ་བརྟན་སྲུང་བྱེད་དགོས། དམངས་ཚིས་འགན་སྲུང་གི་ཞབས་ཞུ་ལ་ཤུགས་སྣོན་པ་ནས་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་པ་ནས་གནོད་འགོག་གནོད་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་ལེགས་པར་སྒྲུབ་པ་བཅས་ཀྱི་ཕྱོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ལས་རིགས་སོ་སོའི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ངེས་པར་དུ་ནམ་ཡང་ལམ་དུ་ཡོད་པའི་ཆོད་སེམས་དངབློ་རྩ་བརྟན་པོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་རྗེས་མཐུད་བྱ་བ་དམ་འཛིན་ནན་མོ་བྱེད་པ་དང་། དོན་དམ་དུ་གནད་དོན་བཤེར་སྟོན་བྱེད་པ་དང་དག་ཐེར་ལེགས་བཅོས་བཟང་བོ་བྱས་ནས། གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས།