ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས།
2025.07.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བདུན་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་སྤུས་ཚད་མཐོ་བའི་ངང་ལེགས་གྲུབ་བྱུང་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐོག་མ་བསྡུས་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་གཏན་འབེབས་ཀྱི་དམིགས་ཚད་གཙོ་བོའི་ཁྲོད། དཔལ་འབྱོར་འཕར་སྣོན་དང་ལས་མི་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ཚད། སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་གྲོན་དངུལ་གཏོང་འཇོག་སོགས་ཀྱི་དམིགས་ཚད་འཕེལ་རིམ་སྔོན་དཔག་དང་མཐུན་ལ། གཏན་སྡོད་མི་གྲངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་དང་འབྲུ་རིགས། ནུས་ཁུངས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སོགས་ཀྱི་དམིགས་ཚད་བརྒྱད་ཀྱི་འཕེལ་རིམ་སྔོན་དཔག་ལས་བརྒལ་ཡོད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་མངོན་གསལ་སྒོས་ཇེ་མཐོར་སོང་། ད་ལོའི་དཔལ་འབྱོར་གྱི་སྤྱི་འབོར་སྔོན་དཔག་བྱས་ན་སྒོར་རབ་བཀྲམ་ཆེན་མོ་གཅིག་དང་རབ་བཀྲམ་བཞི་ཡས་མས་སུ་སླེབས་སྲིད་ལ། ལོ་ལྔའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལྟར་ན་སྒོར་རབ་བཀྲམ་གསུམ་དང་ཁྲག་ཆེན་ལྔ་ལས་བརྒལ་བ་དང་། དེ་ཧ་ལམ་འབྲི་ཆུའི་ཟུར་གསུམ་གླིང་ཞིག་བསྐྱར་བསྐྲུན་བྱེད་པ་དང་འདྲ་ལ། རང་རྒྱལ་གྱི་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་ཕུལ་ཚད 30%ཡས་མས་སྲུང་འཛིན་བྱས་ཡོད།

གསར་གཏོད་ནུས་པའི་ཐད་ནས།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱི་ཞིབ་སྤེལ་དངུལ་གཏོང་གིས་ཡང་བསྐྱར་ཟིན་ཐོ་གསར་བ་བསྐྲུན། ན་ནིང་། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་བའི་གཞི་ཁྱོན་དེ“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”མཇུག་དང་བསྡུར་ན50%ཙམ་འཕར་བ་དང་། འཕར་ཚད་སྒོར་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་གཉིས་ལ་སླེབས། འཛམ་གླིང་ཡོངས་ཀྱི་སྟོབས་ལྡན་བརྒྱ་ཡི་ཚན་རྩལ་གསར་གཏོད་ཚོགས་པའི་གྲངས་འབོར26ལ་སླེབས་པ་དང་། འཛམ་གླིང་གི་ཨང་དང་པོ་ཟིན་ལ། མཐོ་གསར་ལག་རྩལ་ཁེ་ལས་འབུམ་བཞི་དང་ཁྲི་དྲུག་ལས་བརྒལ་ཡོད། མི་ཐབས་རིག་ནུས་དང་ཚད་རྡུལ་ཚན་རྩལ། མི་སྡོད་མཁའ་སྐྱོད། མཁའ་དཔྱད་འཚོལ་ཞིབ་སོགས་མངའ་ཁོངས་སུ་འཛམ་གླིང་གི་ཐོག་མ་དང་ཐེངས་དང་པོ་མང་པོ་གསར་སྐྲུན་བྱས།

དམངས་ཚིས་བདེ་སྐྱིད་ཐད་ནས། རང་རྒྱལ་གྱིས་འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོ་མ་ལག་དང་སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་པ་དང་། འོས་འགན་སློབ་གསོའི་སྲ་བརྟན་ཚད་དང་གཞི་རྩའི་རྒན་གསོའི་འགན་བཅོལ། མ་མཐའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་བཅས་ཚང་མ95%ཡན་དུ་སླེབས་ཡོད། སྡོད་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་ཧ་ལམ་དུས་མཚུངས་ཡིན་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་བར་ཁྱད་བལྟོས་བཅས་ཀྱིས་ཇེ་ཆུང་དུ་ཕྱིན་ཡོད།

བཅོས་སྐྱོང་ཕན་ནུས་ཐད་ནས། ལོ་ལྔའི་རིང་ལ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི“ཀ་བཞི་གདུང་བརྒྱད”ཕལ་ཆེར་གྲུབ་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཚོང་རའི་མ་ལག་ཐོག་མར་བསྐྲུན་ཡོད། དམངས་གཉེར་དཔལ་འབྱོར་གྱི་སྐུལ་འདེད་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་ལེན་བྱས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་གཏོང་བའི་ཚད་བཀག་མེད་པར་བཟོས་ལ། རྒྱལ་ཡོངས་ཀྱི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་བཀག་རྒྱའི་གསལ་ཕྲ་ཚོད་འཛིན་བྱེད་ཐབས་དོན་ཚན29རུ་ཇེ་ཉུང་དུ་བཏང་ལ། དམངས་གཉེར་ཁེ་ལས་བྱེ་བ་ལྔ་དང་ས་ཡ་བརྒྱད་བར་ཇེ་མང་དུ་སོང་བ་དང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན40%ཡིས་བརྒལ་ཡོད།

ལྗང་མདོག་འཕེལ་རྒྱས་ཐད་ནས། ལོ་ལྔའི་རིང་ལ། ལྗང་བསྒྱུར་བྱེད་ཚད་འཛམ་གླིང་གི་ཆེས་མང་ཤོས་་དང་། ནགས་ཚལ་ཁེབས་ཚད25%ཡན་ལ་ཇེ་མཐོར་སོང་ཞིང་། གསར་འཕར་ནགས་ཚལ་ཀྱི་རྒྱ་ཁྱོན་ནི་ཧྲའན་ཞི་ཞིང་ཆེན་གཅིག་གི་རྒྱ་ཁྱོན་དང་མཚུངས། “སྦགས་བཙོག་བཅོས་སྐྱོང”གི་ཕན་འབྲས་མངོན་གསལ་ཡིན་པ་དང་། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད87%ཡས་མས་སུ་བརྟན་པོར་གནས་ཡོད་ལ། དེ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་སྐབས་དང་བསྡུར་ན་ལས་བརྒྱ་ཆའི་གྲངས་གནས་གསུམ་འཕར་ཡོད། ནུས་སྤྱོད་སྔར་ལས་དྭངས་གཙང་ཡིན་པ་དང་། ནུས་ཁུངས་གསར་པའི་གློག་གཏོང་སྒྲིག་སྦྱོར་གྱི་གཞི་ཁྱོན་སོལ་གློག་ལས་བརྒལ་ནས།  འཛམ་གླིང་གི་ཆེས་ཆེ་བའི་དག་གཙང་གློག་འདོན་མ་ལག་བསྐྲུན་པ་དང་། རང་རྒྱལ་གྱིས་གློག་ཏུའུ3བཀོལ་བའི་ཁྲོད་ལྗང་གློག་གིས་ཏུའུ་གཅིག་ཟིན་ཡོད།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། རང་རྒྱལ་གྱི་འབྲུ་རིགས་དང་། ནུས་ཁུངས། ཐོན་ལས། རྒྱལ་སྲུང་སོགས་ཀྱི་བདེ་འཇགས་རྨང་གཞི་ཇེ་བརྟན་དུ་སོང་། རང་རྒྱལ་གྱིས་འགུལ་སྐྱོད་དངོས་ཀྱི་སྟེང་ནས་རྒྱལ་ཁབ་ཆེན་པོའི་འགན་འཕྲི་མངོན་ནས། འཛམ་གླིང་འཕེལ་རྒྱས་ཀྱི་ཆེས་བརྟན་འཇགས་དང་ཆེས་ཡིད་རྟོན་རུང་བ། ཆེས་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་གྱུར་ཡོད།