ཧའེ་ནན་གྱིས་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་མགྱོགས་མྱུར་ངང་བསྐྲུན།
2025.07.22 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།    ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་བར་འབད་པ་བྱེད་དགོས།  ད་ལོ་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་སྒོ་རྒྱག་འཁོར་སྐྱོད་དང་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ལོ་ཡིན་ལ།  ཧའེ་ནན་གྱིས་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་དང་རང་མོས་ཉོ་ཚོང་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་གང་མགྱོགས་སྒོས་སྐུལ་འདེད་བཏང་སྟེ།  རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་དེ་དོན་དངོས་རང་བཞིན་གྱི་འཁོར་སྐྱོད་དུས་རིམ་དུ་སྐྱོད་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧའེ་ནན་གྱི་ལེའུ་རྩོམ་བཞིན་ཡོད།

ད་ལོའི་ཚུན་དུ།   ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་བརྟན་བརླིང་ངང་འཛུགས་སྐྲུན་བྱས། དབྱང་ཕུའུ་གྲུ་ཁ་རུ་གྲུ་གཟིངས་ཕར་འགྲོ་ཚུར་འོང་བྱེད་མཁན་མང་བས།  ད་ལོའི་ལོ་སྟོད་དུ་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་བདུན་ལྔ་འཕར་ཡོད།

ཧའེ་ནན་གྱིས་སྡོམ་རྩིས་བྱས་ན་དམངས་སྤྱོད་མཁའ་འགྲུལ་གྱི་མངའ་ཁོངས་ཕྱིའི་མཁའ་ལམ77ཤར་གཏོང་བྱས་པ་དང་ཐོངས་མཆན་འགོད་མི་དགོས་པར་ཧའེ་ནན་དུ་སླེབས་ཆོག་པའི་རྒྱལ་ཁབ85རུ་ཇེ་མང་དུ་སོང་།  ད་ལོའི་ལོ་སྟོད་དུ་ཧའེ་ནན་དུ་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ཕྱི་རྒྱལ་བ་མི་ཐེངས་འབུམ་དྲུག་དང་ཁྲི་དྲུག་སྟོང་གསུམ་ལ་སླེབས་ནས། ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་ཞེ་བརྒྱད་འཕར་ཡོད།

དྲ་ལམ་དུ། ད་ལོར་རྒྱལ་སྤྱིའི་གཞི་གྲངས་ཕྱོགས་བསྡུས་ཞབས་ཞུའི་ཆེད་ཁུལ་སྤྱོད་འགོ་ཚུགས་ལ། དེས་ཁེ་ལས་ལ་རྒྱལ་མཚམས་བརྒལ་བའི་གཞི་གྲངས་བརྒྱུད་སྐུར་དང་ཐོན་ཁུངས་མཐུན་སྦྱོར་སོགས་བརྒྱུད་རིམ་ཧྲིལ་པོའི་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱ་ཐུབ།

ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་རིམ་བཞིན་འཚོལ་ཞིབ་དང་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གོ་རིམ་དང་དུས་མཚམས་དབྱེ་ནས་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཛུགས་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་གང་མགྱོགས་སྒོས་འཛུགས་སྐྲུན་བྱ་དགོས་པ་བཏོན། ན་ནིང་གི་ཟླ12པར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་གང་མགྱོགས་སྒོས་སྐུལ་འདེད་གཏོང་བ་དང་། གྲ་སྒྲིག་གི་ལས་དོན་སྣ་ཚོགས་ནན་ཏན་གྱིས་སྒྲུབ་ནས། སྒོ་རྒྱག་འཁོར་སྐྱོད་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པ་ནན་གྱིས་བསྟན།

ཧའེ་ནན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་བཅོས་སྒྱུར་ཟབ་སྤེལ་གཞུང་སྒྲུབ་ཁང་རང་མོས་ཉོ་ཚོང་གྲུ་ཁའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཀོན་ཅི་རུང་གིས་བཤད་རྒྱུར། 《ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་》དཔར་འགྲེམས་བྱས་པའི་ཚུན་དུ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གིས་སྤྱིའི་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་དམིགས་ནས་བསྡོམས་པས་སྲིད་ཇུས་ཀྱི་ཡིག་ཆ200ལྷག་གཏན་ཁེལ་བྱས་ནས་བཏོན་ལ། དེའི་ནང་སྲིད་ཇུས་མང་པོ་ཞིག་ལ་གསར་གཏོད་རང་བཞིན་ལྡན།  རྗེས་མར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལྟར། བཀག་སྡོམ་སྔ་རྗེས་ཀྱི་བཅོ་སྒྱུར་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཏེ།  འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་ངེས་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། ཧའེ་ནན་གྱིས་རྒྱལ་སྤྱིའི་ཆུ་ཚད་མཐོ་བའི་དཔལ་འབྱོར་ཉོ་ཚོང་རྩ་དོན་ཚད་གཞི་བྱས་ནས་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “རང་མོས་སྟབས་བདེ་ཅན་ལྔ་དང་བདེ་འཇགས་གོ་རིམ་ལྡན་པའི་འཁོར་རྒྱུག”ཅེས་པ་ཁྱད་ཆོས་གཙོ་བོ་ཡིན་པའི་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ལམ་ལུགས་མ་ལག་ཕལ་ཆེར་གྲུབ་ཡོད།

དངུལ་གཏོང་རང་མོས་དང་སྟབས་བདེ་ཡོང་བར་དམིགས་ཏེ། མིག་སྔར། ཧའེ་ནན་གྱིས་ཕྱོགས་ཉི་ཤུའི་ཐད་ནས་ཁྲོམ་རའི་ཞུགས་འཐུས་ཚད་གཞི་ཇེ་ལྷོད་དུ་བཏང་ཞིང་། དེར་དངུལ་རྩ་དང་སློབ་གསོ། རིག་གནས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་ལ། ཧའེ་ནན་དུ་དངུལ་གཏོང་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་དོན་དྲུག་ལ་སླེབས་ཡོད།

རང་མོས་ཚོང་དོན་སྟབས་བདེ་ཡོང་རྒྱུའི་ཕྱོགས་ནས།  ཧའེ་ནན་གྱིས་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་རྒྱ་ཆེར་གཏོང་རྒྱུར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། “སྒོ་ཁྲལ་མི་དགོས་པའི་”ཞིབ་ཐོ653ལ་ཇེ་མང་དུ་བཏང་ཞིང་།  འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་དང་དེ་བཞིན་ཡུལ་སྐོར་གྲུ་གཟིངས་ཀྱི“སྒོ་ཁྲལ་མི་དགོས་པའི”ཞིབ་ཐོ122བར་ཇེ་མང་དུ་བཏང་བ་དང་། རང་སྤྱོད་ཐོན་སྐྱེད་སྒྲིག་ཆས་ཀྱི“སྒོ་ཁྲལ་མི་དགོས་པའི”ཞིབ་ཐོ8ཇེ་མང་དུ་བཏང་ཞིང་། སྲིད་ཇུས་བེད་སྤྱོད་བྱེད་པོ་དེ་ལས་དོན་ལས་ཁུངས་ལ་རྒྱ་བསྐྱེད། སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། ཧའེ་ནན་གྱིས་བསྡོམས་པས“སྒོ་ཁྲལ་མི་དགོས་པའི”དངོས་ཟོག་སྒོར་ཐེར་ཆེན་གཉིས་ཐེར་འབུམ་བཞི་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ནང་འདྲེན་བྱས་པ་དང་། དཔྱ་ཁྲལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་བྱེ་བ་བརྒྱད་ཇེ་ཉུང་དུ་བཏང་། དབྱང་ཕུའུ་ཡི་ཁྲལ་སྲུང་གྲུ་ཁའི་ས་ཁུལ་དུ་ལས་སྣོན་དང་གནས་ཐང་འཕར་བའི་ནང་འཚོང་ལ་དཔྱ་ཁྲལ་མི་དགོས་པའི་སྲིད་ཇུས་ནས་མགོ་བརྩམས་ཏེ། ད་ལྟ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ས་ཁོངས་ཧྲིལ་པོའི་ཚོད་ལྟ་བྱེད་པའི་རྒྱ་ཁྱོན་ཆེ་རུ་བཏང་ཡོད།

ཧའེ་ནན་ཞིང་ཆེན་ཚོང་དོན་ཐིན་རང་མོས་ཉོ་ཚོང་གྲུ་ཁའི་བཅོས་སྒྱུར་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཁྲུན་ལིན་གྱིས་བཤད་རྒྱུར།  ད་ལྟ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ས་ཁོངས་ཧྲིལ་པོའི་ཁྱབ་ཁོངས་སུ། འབྲེལ་ཡོད་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཡིན་ཕྱིན་ཚང་མས་སྤྱད་འཐུས་ཀྱི་སྲིད་ཇུས་རེ་ཞུ་ཞུས་ཆོག དེའང་གསལ་པོར་བཤད་ན་སྲིད་ཇུས་འདི་སྤྱད་འཐུས་ཀྱི་ས་ཁོངས་ཁྱབ་ཁོངས་དང་དེའི་ཚོད་ལྟའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཡོད་སྟབས། ཧའེ་ནན་གྱི་ཁེ་ལས་མང་པོ་ཞིག་གིས་སྲིད་ཇུས་འདི་ལ་བརྟེན་ནས་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུ་གལ་ཆེ།

ད་ལོ་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་སྒོ་རྒྱག་འཁོར་སྐྱོད་དང་སྒོ་འབྱེད་རྒྱ་ཆེ་རུ་བཏང་བའི་ལོ་ཞིག་རེད། མིག་སྔའི་བར། སྒོ་རྒྱག་འཁོར་རྒྱུག་ཁག་དང་པོའི་རྣམ་གྲངས31ཚང་མ་ལས་ཟིན་ལ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་འགག་སྒོ་བརྒྱད་དང་། ལམ་གཉིས་འགག་སྒོ་བཅུ་ཡི་རྨང་གཞིའི་སྒྲིག་བཀོད་དང་དེ་མིན་ཞིབ་བཤེར་སྒྲིག་བཀོད་ཕལ་ཆེར་འཐུས་ཚང་དུ་བཏང་ཡོད་ཅིང་། ཚོད་ལྟའི་ལག་བསྟར་ལས་དོན་རིམ་པ་བཞིན་སྤེལ་བཞིན་ཡོད། 

ལོ་མཇུག་གི་སྔོན་ལ་དུས་ཐོག་ཏུ་སྒོ་བརྒྱབ་ནས་འཁོར་སྐྱོད་བྱེད་འགོ་ཚུགས་པ་དང་། དུས་རིམ་རྗེས་མར། ཧའེ་ནན་གྱིས་ཞིང་ཆེན་ནང་ཁུལ་གྱི་སྡེབ་སྒྲིག་འགན་སྲུང་བྱེད་ཐབས་བཟོས་ཏེ། སྲིད་ཇུས་ཀྱི་ཚད་གཞི་སྔར་བས་ཇེ་དམའ་རུ་གཏོང་བ་དང་སྲིད་ཇུས་ཀྱི་ཁེ་ཕན་སྦྱིན་པ། ཕན་ཁེ་རེག་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་འཚོལ་ཞིབ་བྱ་རྒྱུ་རེད།

ཧའེ་ཁུག་སྒོ་ཁྲལ་རང་མོས་ཉོ་ཚོང་ཁུལ་དང་དམིགས་བསལ་ས་ཁོངས་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིའུ་ཆོན་ཡན་གྱིས་བཤད་རྒྱུར། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་རིག་ནུས་ལྟ་སྐུལ་དོ་དམ་སྟེགས་བུ་གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་པ་དང་། གནོན་ཤུགས་ཚད་ལེན་ཚོད་ལྟའི་གཞི་རྒྱ་སྔར་ལས་ཆེ་རུ་གཏོང་བ། དོ་དམ་བྱེད་ཐུབ་པ”དང་“གཏོང་ཐུབ་པ”བྱས་ཏེ། སྒོ་བརྒྱབ་ནས་འཁོར་སྐྱོད་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

མ་འོངས་པར། ཧའེ་ནན་གྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། སྒོ་འབྱེད་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་།  འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་འཚོང་གྲུ་ཁ་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱེད་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་རྒྱུ་རེད།