
དབྱར་ཟླ་དྲུག་པའི་གསེར་མདོག་གི་ཉི་འོད་ས་ཆེན་སྟེང་འཕྲོས་དུས། སྤང་ཡངས་མོའི་མེ་ཏོག་གི་འཛུམ་རྒྱ་ལྷུག་ལྷུག་ཏུ་གྲོལ་ཞིང་། རིགས་སོ་སོའི་མང་ཚོགས་དགྱེས་འཛོམས་ཀྱི་དཔལ་ལ་རོལ་ཏེ། དགའ་བའི་གླུ་དང་སྐྱིད་པའི་གར་ལ་རོལ་བཞིན་མཆིས།
2024ལོར་ཐུན་ཏེ་རྫོང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ཞབས་ཞུ་ལྟེ་གནས་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་གི་བྱ་དགའ་ཐོབ་པ་དེས་མིག་དབང་འཕྲོག་པའི་སེར་ཆེན་མེ་ཏོག་དང་འདྲ་བར་མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྔར་ལས་ལྷག་པའི་བཀྲག་མདངས་གསར་པ་བསྩལ།
སྤྱིར་མཚོ་སྔོན་གྱི་མི་རིགས་བྱ་གཞག་ལ་འཐུས་ཚང་གི་འཆར་འགོད་མེད་ན་ཁྱོན་ཡོངས་ཀྱི་བྱ་གཞག་ལ་དེ་བས་ཡར་རྒྱས་གོང་འཕེལ་མེད་ལ། མཚོ་ལྷོ་ཁུལ་གྱི་བྱ་གཞག་ལ་མཚོན་ནའང་དེ་བཞིན་ཡིན། དེ་བས་མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་དགོངས་དོན་ལྟར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོར་བཟུང་སྟེ། འཕེལ་རྒྱས་ཀྱི་གཞི་འཛིན་ས་ནི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ཡོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ཡིན་པས། ས་ཁུལ་གྱི་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་འཆར་འགོད་མང་པོ་ཞིག་ལག་བསྟར་བྱས་ཡོད། འཆར་འགོད་འདི་དག་གི་ཁྲོད་དུ། རྩྭ་ཐང་དུ་འཚོ་བཞིན་པའི་འབྲོག་པ་མང་ཚོགས་ཡོད་ལ། རྣང་ཞིང་དུ་བྲེལ་བཞིན་པའི་ཞིང་པ་མང་ཚོགས་དང་གྲོང་ཁྱེར་དུ་བྱ་བར་འདུར་བཞིན་པའི་གྲོང་མིའང་ཡོད།
ཐུན་ཏེ་རྫོང་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ཞབས་ཞུ་ལྟེ་གནས་སུ་རྒྱ་རིགས་ལས་བྱེད་པ་ལི་ཡིས་ཧ་ཅང་དག་ཆ་ཡོད་པའི་བོད་སྐད་ཀྱིས་འབྲོག་པ་མང་ཚོགས་ལ་བཅའ་ཁྲིམས་སྐོར་གྱི་དྲིས་ལན་འདེབས་བཞིན་འདུག་ལ། བོད་རིགས་གཟུ་པ་སྒྲོལ་མས་ཀྱང་ཧ་ཅང་བྱང་ཆ་ལྡན་པའི་རྒྱ་སྐད་ཀྱིས་ཞིང་པའི་གླ་ཕོགས་ནར་འགྱང་བྱས་པའི་གནད་དོན་ཐག་གཅོད་བྱེད་ཀྱིན་ཡོད། སྡོད་ཁུལ་གྱི་ཧུའེ་རིགས་ལས་བྱེད་པ་མ་ཡིས་མང་ཚོགས་ལ་ལས་ཞུགས་ཀྱི་ལས་རྐང་གང་ཞིག་འདེམས་པའི་ཕྱོགས་ལ་བློ་སྟོན་བྱེད་པར་བྲེལ་བཞིན་འདུག ལས་ཁུངས་འདིའི་གྱང་ངོས་སུ་རིགས་སོ་སོའི་མང་ཚོགས་ཀྱིས་བསྐྱལ་ཡོང་བའི་དྲིན་གཟོའི་དར་ཆ་སྣ་ཚོགས་བཀལ་ཡོད་ལ། དེ་དག་ལས་མིག་ལམ་དུ་གསལ་ཡོང་བ་ནི་མི་རིགས་མཐུན་སྒྲིལ་ནི་མངར་ཇ་དྲོན་མོ་བཞིན་ཇི་ལྟར་གདུས་ན་དེ་ལྟར་བྲོ་བ་ཞིམ་ཞེས་བྲིས་ཡོད་པའི་ཡིག་འབྲུ་དེ་དག་རེད།
མཚོ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ། སྡེ་བ། ཁྱིམ་ཚང་། སློབ་གྲྭ། སྡོད་ཁུལ། ལས་ཁུངས། ཁེ་ལས། སྨན་ཁང་བཅས་སུ་མི་རིགས་བར་གྱི་མཐུན་སྒྲིལ་མཚོན་པའི་དོན་དག་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་དེ། དེ་དག་གི་ཁྲོད་དུ་སེམས་དགའ་ལ། ཡིད་འགུལ་ཐེབས་པ། མིག་ཆུ་ཤོར་བའི་དོན་དག་གང་མང་གིས་རིགས་སོ་སོའི་མི་རིགས་བར་ཁྱིམ་ཚང་གཅིག་ལྟར་བརྩེ་ལ། སེ་འབྲུ་བཞིན་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་སྐྱིད་པའི་སྐོར་བྲོ་འཁྲབ་པ་དང་། དགའ་བའི་གླུ་གཞས་ལེན་ཞོར་མཐོ་སྒང་འདིར་སྐྱིད་པའི་དཔལ་ལ་རོལ་གྱིན་ཡོད་པའང་མཚོན་ཐུབ།
མཚོ་ལྷོ་ཁུལ་གྱི་མི་རིགས་དང་མི་རིགས་བར་གྱི་སྔོན་བྱུང་གཏམ་རྒྱུད་དག་བདེན་དཔང་དངོས་ཀྱིས་ར་སྤྲོད་བྱས་ཡོད་པ་དེ་ནི་གྱང་ངོས་སུ་མི་རིགས་མཐུན་སྒྲིལ་གྱི་འབོད་ཚིག་འགའ་སྦྱར་ཡོད་པ་དེ་མ་ཡིན་པར། འབྲོག་པའི་སྦྲ་ནག་ནང་མཉམ་ཟ་མཉམ་འཐུང་བྱེད་བཞིན་པའི་སྦྲང་དཀར་རྩམ་པ་ཁམ་གང་དང་འོ་ཇ་མངར་མོ་དཀར་ཡོལ་གང་དེ་ཡིན་ལ། ཞིང་པའི་ཡུར་ཁ་རུ་ཕན་ཚུན་རོགས་རེས་ཀྱི་ལག་ཟུང་བརྐྱངས་པའི་ལྷག་བསམ་དཀར་པོ་དེ་དང་ཞབས་ཞུའི་སྒེའུ་ཁུང་མདུན་གྱི་ངས་ཁྱོད་ཀྱི་སྐད་ཆ་དེ་ཧ་གོ་ལ། ཁྱོད་ལ་ཞབས་ཞུ་ཅི་ཞིག་བསྒྲུབ་དགོས་པ་ཤེས་ཀྱིན་ཡོད་ཅེས་པའི་སེམས་འདུན་དེ་རེད།
དར་ཆ་དེའི་སྟེང་བྲིས་པ་ནང་བཞིན་མི་རིགས་བར་གྱི་མཐུན་སྒྲིལ་ནི་འོ་ཇ་མངར་མོ་བཞིན་ཇི་ལྟར་གདུས་ན་དེ་ལྟར་བྲོ་བ་ཞིམ་པའི་རྒྱུ་མཚན་ནི་འོ་མའི་ཐིགས་པ་རེ་རེ་དང་ཇ་ཁམ་བུ་རེ་རེ་ནི་མི་ཁྲི་སྟོང་གི་ལག་ཟུང་ལ་བརྟེན་ནས་བསྐོལ་བའི་རྐྱེན་གྱིས་རེད།
མཚོ་ལྷོ་ཁུལ་དུ་མི་རིགས་མཐུན་སྒྲིལ་ནི་ངོས་འཛིན་རྒྱུ་མེད་པའི་གོ་དོན་ཞིག་གཏན་ནས་མིན་པར་དུས་རྒྱུན་མཐོང་རྒྱུ་དང་འཕྲད་རྒྱུ་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བའི་རྣམ་པ་ཞིག་རེད།
གུང་ཧོ་རྫོང་ས་གྲུ་བཞི་ཡུལ་ཚོ་རུ་ལོ་ན72ལ་སོན་པའི་བོད་རིགས་རྒན་པོ་རྣམ་རྒྱལ་ཉིན་བཞིན་ཞོགས་པར་ཡུལ་ཚོའི་བདེ་ཐང་ཁྱིམ་གཞིས་སུ་སོང་ནས་ཁྲག་རྩར་བརྟག་དཔྱད་བྱེད་ཀྱིན་ཡོད་ལ། འདི་གའི་རྒྱ་རིགས་སྨན་པས་ཧ་ཅང་དག་པའི་བོད་སྐད་ཀྱིས་རྒན་པོ་རྣམ་རྒྱལ་ལ་ནད་ཀྱི་གནས་ཚུལ་ཞིབ་འདྲི་བྱས་ཤིང་། ཁོང་ལ་རྒྱང་བསྟེན་ནད་བརྟག་སྨན་བཅོས་མ་ལག་བརྒྱུད་ནས་ཁུལ་མི་དམངས་སྨན་ཁང་ནས་ནད་ལ་བལྟས་ཆོག་པ་གསལ་བཤད་བྱས།
རྒན་པོ་རྣམ་རྒྱལ་གྱིས་ད་ལྟ་ནད་ལ་བལྟ་བར་ཐག་རིང་དུ་འགྲོ་མི་དགོས། ཁུལ་སྨན་ཁང་གི་ཆེད་མཁས་པས་རྒྱང་བསྟེན་ནད་བརྟག་སྨན་བཅོས་བརྒྱུད་ནས་དོགས་གཞི་ཆེ་བའི་ནད་རིགས་ལ་བལྟ་ཐུབ་ཅེས་བཤད་པའི་སྐད་ཆ་དེ་ལས་མཚོ་ལྷོ་ཁུལ་གྱི་དམངས་འཚོའི་ལས་གཞིས་མང་ཚོགས་ཀྱི་སེམས་ལ་དྲོད་ཁོལ་སྟེར་བཞིན་པའང་མཚོན་ཐུབ་ངེས།
2024ལོའི་ལོ་མཇུག་བར། མཚོ་ལྷོ་ཁུལ་གྱིས་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བཏང་ནས་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ་བཙུགས་ཏེ་ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་རྒྱང་བསྟེན་སྨན་བཅོས་སྟེགས་བུ་སྤྱོད་མགོ་བརྩམས་པ་དང་། མང་ཚོགས་འབུམ་གསུམ་དང་ཁྲི་གཉིས་ལ་རིན་མེད་ཀྱིས་ལུས་པོར་བརྟག་དཔྱད་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་ལ་ཁག་ཐེག་བྱས།
ད་ལྟ། སྨན་བཅོས་ཀྱི་འཕྲོད་བསྟེན་ཆ་འཕྲིན་སྟེགས་བུར་རྫོང་རིམ་པའི་སྨན་ཁང9དང་གཞི་རིམ་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྨན་ཁང41གི་ཆ་འཕྲིན་མ་ལག་གི་གྲངས་ཀ་མཉམ་སྤྱོད་ཐུབ་པ་མངོན་འགྱུར་བྱུང་ཡོད་ལ། རྫོང་དང་ཡུལ་ཚོ་ནས་རྒྱང་བསྟེན་སྨན་བཅོས་སྤྱོད་ཐུབ་ཀྱིན་ཡོད།
ཀོས་ནན་རྫོང་མགོ་མང་གྲོང་རྡལ་དུ་ཧུའེ་རིགས་ན་གཞོན་མ་ཀྲན་ཧའེ་སྡེ་བའི་ཕྱུག་སྒྱུར་སྣེ་ཁྲིད་པར་གྱུར་པ་དང་། ཁོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ནས། སྡེ་བའི་བོད་རིགས་དང་སོག་རིགས་སོགས་མི་རིགས་མང་པོར་མཉམ་ལས་ཁང་དུ་ལས་ཀ་གཉེར་དུ་བཅུག་པས། ན་ནིང་ཁྱིམ་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི2ལས་བརྒལ་བ་ཞིག་བགོ་རྒྱུ་ཡོད་པ་བྱུང་། སྔོན་ཆད་རང་རང་སར་ལུག་འཚོ་བཞིན་ཡོད་མོད། ད་ལྟ་རྩྭ་རར་མཉམ་དུ་དོ་དམ་དང་རང་ལ་མཁོ་བའི་ལག་རྩལ་མཉམ་དུ་བསླབས་ནས་ཡོང་སྒོ་བཙལ་བ་ཡིན་པས། ཕན་ཚུན་གྱི་སེམས་ཐག་ཀྱང་ཉེ་བར་གྱུར་ཡོད། མ་ཀྲན་ཧའེ་ཡི་སྐད་ཆ་དེ་ལས་གྲོང་གསེབ་དར་སྤེལ་དུ་གཏོང་བའི་ལམ་ཁར་ཞུགས་པའི་དགེ་མཚན་ག་འདྲ་ལྡན་པ་གསལ་བཤད་བྱས་ཡོད།
རྒྱང་བསྟེན་ནད་བརྟག་སྨན་བཅོས་ཀྱི་འཆར་ཤེལ་དང་མཉམ་ལས་ཁང་གི་ཁེ་སྤོགས་ཀྱི་རྩིས་ཐོ་ལས་མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་དང་དམངས་འཚོའི་བདེ་རྩར་ཐུག་པའི་ཞིབ་ཕྲའི་གནས་ཚུལ་རེ་རེ་དང་རིགས་སོ་སོའི་མང་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་མདུན་དུ་བསྐྱོད་དེ། འཚོ་བ་བདེ་སྐྱིད་ཀྱིས་རོལ་བཞིན་པ་གསལ་བོར་མཚོན་ཡོད།
མཚོ་ལྷོ་ཁུལ་གྱི་གྲོང་རྡལ་སོ་སོར་མིག་ལ་ཆེས་མཛེས་པ་དེ་གསར་དུ་ལས་པའི་སོ་ཕག་གི་ཁང་པ་དེ་དག་མ་ཡིན་པར། སྡེ་བའི་ཨུ་ཡོན་ལྷན་ཁང་དུ་འོད་ཆེམ་ཆེམ་དུ་འཕྲོ་བའི་མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་བའི་བྱ་དགའི་རྟགས་མ་དེ་ཡིན་པ་དང་། ཆེས་ཡིད་དབང་འགུག་པ་ནི་དུས་ཆེན་སྐབས་འཁྲབ་སྟོན་བྱེད་བཞིན་པའི་གླུ་གར་དེའང་མ་ཡིན་པར། རིགས་སོ་སོའི་མང་ཚོགས་ཀྱིས་མཉམ་དུ་ཁོར་ཡུག་གཙང་སྦྲར་དོ་སྣང་དང་མཉམ་ལས་ཁང་དུ་ལས་ལ་བྲེལ་བཞིན་པའི་རྒྱབ་གཟུགས་དེ་རེད།
ན་ནིང་དབྱར་ཁར་བོད་ལུག་གི་ཤ་པེ་ཅིན་དུ་བྲིན་འཚོང་བྱས་པ་དང་ནོར་གནག་གི་ཤ་འབྲི་ཆུའི་ལྷོ་རྒྱུད་དུ་བྲིན་འཚོང་བྱས་པ་སོགས་ཀྱིས་མཚོ་ལྷོ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་པེ་ཅིན་དང་ཧྲང་ཧའེ། ཁྲིན་ཏུའུ་སོགས་ཚོང་རར་བྲིན་ནས་སྒོར་བྱེ་བ་ལྔ་དང་ས་ཡ་དགུ་ལས་བརྒལ་ཡོད། མིག་སྔར་དྲ་ཐོག་གི་ཚོང་གཉེར་ལ་ཞུགས་ཏེ་འཛད་སྤྱོད་པར་ཧ་ཅང་སྟབས་བདེ་བསྐྲུན་ཡོད་ལ། དྲ་ལམ་ཐད་གཏོང་ཁང་དུ་ལུག་ཤ་འཚོང་བའི་བོད་རིགས་ཨ་མ་རྒན་མོ་དང་རྩིས་རྒྱག་ལ་མཁས་པའི་ཧུའེ་རིགས་རྩིས་གཉེར་བ། ཐུམ་རྒྱག་གི་ལས་ལ་བྲེལ་བཞིན་པའི་རྒྱ་རིགས་ཕོ་གསར་བཅས་མ་གྲོས་རང་མཐུན་སྒོས་དྲ་ངོས་གཅིག་ལ་འཛོམས་ཏེ་མཐོ་སྒང་གི་ཚོང་ཟོག་ཕྱིར་འཚོང་གི་ལས་ལ་བྲེལ་གྱིན་ཐུན་མོང་ཕྱུག་འགྱུར་གྱི་ལམ་ཁ་བཟང་པོ་ཞིག་འཚོལ་སྙེག་བྱས།
ཐུན་ཏེ་རྫོང་གི་གསེར་མདོག་གི་རྟགས་མ་ནས་ཁུལ་ཡོངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་རི་མོར་བྲིས་པ་ལས། མཚོ་ལྷོ་ཁུལ་གྱིས་མི་རིགས་བར་མཐུན་སྒྲིལ་རྨང་གཞི་ཡིན་པ་དང་དམངས་འཚོ་རྩ་བ་ཡིན་པ། འཕེལ་རྒྱས་རྩེ་མོ་ཡིན་པ་དེ་ལག་ལེན་དངོས་ཀྱི་སྟེང་ནས་བདེན་དཔང་བྱས་ཡོད། ཁུལ་ཏང་ཨུའི་ཧྲུའུ་ཅི་ལིས་ཀང་གིས་བཤད་པ་ནང་བཞིན། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། དྲིན་ཤེས་ཡར་བརྩོན་ཁྲོད་མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྣམ་པ་གསར་པའི་འཆམ་མཐུན་གྱི་རི་མོ་འགོད་པ་དང་། མཚོ་ལྷོ་ཁུལ་གྱིས་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཅངས་ནས། སྤུན་ཟླ་འཆམ་མཐུན་དང་ཕན་ཚུན་རོགས་རམ་བྱེད་པའི་མཐུན་སྒྲིལ་གྱི་སྲོལ་བཟང་དར་སྤེལ་གྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་འབད་པ་ལྷོད་མེད་བྱེད་བཞིན་མཆིས།
རེད་ཡ། བོད་རིགས་ཨ་མ་རྒན་མོས་འཚོང་བཞིན་པའི་ལུག་ཤ་དེ་ཧྲང་ཧའེ་ཡི་གསོལ་སྟོན་སྟེང་བཤམས་པ་དང་། ཧུའེ་རིགས་ན་གཞོན་གྱི་དྲ་ཚོང་ཐད་གཏོང་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་གྲོང་མི་ཚོས་རྩྭ་ཐང་གི་རྫི་གླུ་ཐོས་དུས། མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རིང་མོ་དེ་མཐོ་སྒང་གི་མཚམས་སྤྲིན་དང་འདྲེས་ནས་ཕྱོགས་བཞིར་ཁྱབ་ཅིང་། སྤང་ལྗོངས་སུ་འཐིམ་པའི་མཐུན་སྒྲིལ་གྱི་ལག་རྡང་སྦྲེལ་བའི་གཞས་དབྱངས་སྙན་མོ་ཡུལ་གྲུ་ཀུན་ཏུ་ཁྱབ་བོ།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།