
ཟླ10པའི་ཚེས20ཉིན་ནས་ཚེས23ཉིན་བར་དུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་རྒྱལ་ཁའི་ངང་འཚོགས་ཤིང་། དེ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་པའི་སྐྱོད་ལམ་གསར་པའི་སྟེང་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ཡུལ་བབ་དང་བསྟུན་ནས་མདུན་དུ་སྐྱོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཐད་ཡང་བསྐྱར་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་བྱས་པ་ཞིག་ཀྱང་ཡིན།
ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་མགྱོགས་མྱུར་ངང་འཕྱུར་ཏེ། སྡེ་ཁག་དང་ལས་ཁུངས་ནས་མཐོ་རིམ་སློབ་ཆེན་གྱི་སློབ་གྲྭའི་བར་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཁྱབ་ཁོངས་སོ་སོ་ནས་གྲོང་གསེབ་གྱི་སྡེ་ཁུལ་དང་གཞི་རིམ་གྱི་འཐབ་ཕྱོགས་བར་དུ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕྲལ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། ཚང་མས་མགྲིན་གིས་བལྟས་ན། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་བློ་བརྟན་འགྱུར་མེད་ངང་ཀུན་གྱི་མདུན་ལ་སྐྱོད་པ་དང་ཀུན་ལ་དཔེ་སྟོན་བྱས་ཏེ། བདེན་འཛིན་དངོས་སྒྲུབ་དང་དཔའ་སྐྱེད་མདུན་སྐྱོད་བྱས་ནས། བསམ་སྦྱོར་དངོས་ལ་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས་ཟེར།
སློབ་སྦྱོང་ནན་མོ་དང་གོ་བ་མ་ནོར་བླངས་ཏེ་དད་སེམས་སྔར་ལས་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ། དྲིལ་སྒྲོག་བཅས་བྱེད་པར་རྩ་འཛུགས་ཡག་པོ་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་དུ་འཇུག་དགོས།
ཞིང་ཆེན་ཐད་གཏོགས་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གཡུལ་ས་དང་པོ་ཡིན་པའི་ངོས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཁྲོད་ཀུན་གྱི་མདུན་དུ་བསྐྱོད་ནས་དཔེ་སྟོན་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ། དྲིལ་སྒྲོག་བཅས་ལ་རྩ་འཛུགས་ཡག་པོ་བྱས་ནས། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་བྱ་བའི་ཨུ་ཡོན་ལྷན་ཁང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཧྲི་ཅེ་ཡིས་བཤད་རྒྱུར། ཏང་དོན་ཆེད་གཉེར་ལས་དོན་པ་ཞིག་ཡིན་པའི་ངོས་ནས། རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་བསྡུར་ནས་རང་གི་ལས་འགན་ཡང་དག་པའི་སྒོ་ནས་ངོས་འཛིན་བྱེད་དགོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལྟེ་གནས་ཚན་ཆུང་དང་གཞི་རིམ་ཏང་རྩ་འཛུགས། གཞོན་ནུ་ལོ་ཆུང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚན་ཆུང་སོགས་རིམ་པ་མང་པོའི་སློབ་སྦྱོང་ལ་ཤུགས་བསྣན་ཏེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་བསམ་བློའི་རྨང་གཞི་བརྟན་པོ་འདིང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ་ལས་དོན་ཁྲུའུ་ཡི་རིམ་པ་བཞི་པའི་རྟོག་ཞིབ་པ་ལི་ཆི་ལན་གྱིས་བཤད་རྒྱུར། འཐབ་ཕྱོགས་གཅིག་གྱུར་ནི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་པས། ཚང་འཛོམས་གྲོས་ཚོགས་སྟེང་ནན་བཤད་གནང་པའི། ‘མི་དམངས་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུའི’རྩ་དོན་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ངོ་བོ་དང་ཚད་མཐོའི་ངང་གཅིག་མཐུན་བྱུང་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བཟུང་སྟེ། སློབ་སྦྱོང་གི་ཕན་འབྲས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་ལ་བསྒྱུར་ནས། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་བསམ་བློའི་སྣེ་ཁྲིད་སོགས་གཙོ་གནད་ལས་དོན་ནན་ཏན་ངང་སྤེལ་ཏེ། ཏང་ཕྱི་མི་སྣའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་རྒྱུ་ཡིན། ལས་རིགས་སོ་སོའི་ཏང་ཕྱིའི་མི་སྣའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ཆེས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་རྒྱུ་ཡིན་ཟེར།
མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་སློབ་གླིང་གི2024ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གི་ཆེད་ལས་སློབ་མ་མེང་ཅཱ་ཧུའེ་ཡིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། དུས་རབས་གསར་པའི་སློབ་ཆེན་སློབ་མ་ཞིག་ལ་མཚོན་ནས་བཤད་ན། ང་ཚོར་འགན་འཁྲི་ལྕི་མོ་ཡོད། ངས་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་རྒྱུན་འཛིན་པ་རྣལ་མ་ཞིག་དང་འབད་བརྩོན་ཆེན་པོས་གསར་གཏོད་བྱེད་མཁན་ཞིག་བྱེད་རྒྱུའི་སེམས་ཐག་བཅད་ཡོད། མ་འོངས་པའི་སློབ་སྦྱོང་དང་འཚོ་བའི་ཁྲོད་ང་ཚོས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གནས་བབ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བྱ་སྤྱོད་དངོས་ལ་སྣེ་ཁྲིད་བྱས་ནས། སྦྱངས་པ་དང་བསམ་བློ་བཏང་བ། ཤེས་རྟོགས་བྱུང་བ་བཅས་ཚང་མ་བློ་ཐག་ཆོད་པའི་སྒོ་ནས་ཀུན་སྤྱོད་འཛུགས་སྐྲུན་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་ལ་ཞབས་འདེགས་ཞུ་བའི་ལག་ལེན་དུ་བསྒྱུར་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ལ་སྟོབས་ཤུགས་སྣོན་རྒྱུ་ཡིན་ཟེར།
འཕེལ་རྒྱས་ལ་དམ་པོར་དམིགས་ཏེ་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་གཞི་རྩའི་ངེས་གནས་དང་དུས་རིམ་རང་བཞིན་གྱི་བླང་བྱ་གཞིར་བཟུང་ནས། ཞིབ་འཇུག་གཏིང་ཟབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་སྟེང་དུ། ཕྱོགས་བདུན་གྱི་ངོས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གཙོ་བོ་བཏོན་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་བཏང་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་གིས་བལྟས་ན། དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ལ་རྐང་ཚུགས་པར་བྱས་ནས་ཁྱབ་ཁོངས་སོ་སོའི་ལས་དོན་ལ་འཆར་འགོད་བྱས་ཏེ། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་སྔོན་བརྩོན་ལེན་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་དགོས།
དངུལ་རྩ་ནི་དངོས་ཕུང་དཔལ་འབྱོར་གྱི་སྲོག་རྩ་ཡིན། ཚང་འཛོམས་གྲོས་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་འཐུས་ཚང་དུ་གཏོང་རྒྱུར་དམིགས་ཏེ། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་ལས་རིགས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཟི་ལིང་ཐོན་ལས་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ལས་སྒོ་པུའུ་ཡི་པུའུ་ཀྲང་ཀུའུ་ཁྲེན་ཞུས་གིས་བཤད་རྒྱུར། སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྒྲིག་གཞིའི་ལས་གཉེར་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་དངུལ་རྩའི་བརྟན་བརླིང་འགན་སྲུང་མ་ལག་ལ་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ། ཉེན་ཁ་འགན་འཁུར་ལམ་སྲོལ་ལེགས་སྒྱུར་དང་ཆེད་དོན་ཐོན་རྫས་གསར་གཏོད་བྱས་པ་བརྒྱུད། ཁེ་ལས་ཆུང་ཆུང་དང“ཞིང་གསུམ”སོགས་ཉམས་ཞན་ཁྱབ་ཁོངས་ལ་གནད་ལ་འཁེལ་བའི་སྒོ་ནས་སྟོབས་ཤུགས་བསྣན་ནས། མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་རིན་གོང་མཐོན་པོ་ཐག་གཅོད་བྱེད་པར་རོགས་རམ་བྱེད་པའི་དུས་མཚུངས་སུ། གཞི་གྲངས་ཅན་གྱི་བཅོས་སྒྱུར་ལ་བརྟེན་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་། ཉེན་ཁའི་ཚད་མཐའ་བརྟན་སྲུང་བྱས་ཏེ། ལམ་ལུགས་ཀྱི་ལེགས་ཆ་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཕན་ནུས་སུ་བསྒྱུར་ནས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཡུན་གྱིས་བཤད་རྒྱུར། ང་ཚོས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི“གྲངས་ཚད་དང་སྤུས་ཚད་མཉམ་སྤེལ”གྱི་དུས་རབས་ཀྱི་ངེས་གནས་ལ་རྐང་ཚུགས་པར་བྱས་ཏེ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔལ་འབྱོར་ཞབས་ཞུ་དང་བཅའ་ཁྲིམས་ཞབས་ཞུ། འབྲེལ་གཏུག་ཞབས་ཞུ་བཅས་ཀྱི་བྱེད་སྟངས་དང་ལག་ལེན་གྱི་ཐབས་ལམ་སྔར་ལས་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། སྲིད་ཇུས་ཀྱིས་ཁེ་ལས་ལ་རོགས་རམ་བྱེད་པ་དང་དངུལ་རྩའི་སྟེང་ནས་ཁེ་ལས་ལ་ཕན་འདོགས་པ། ཁྲིམས་སྐྱོང་གིས་ཁེ་ལས་ལ་སྲུང་སྐྱོབ་བྱེད་པ་སོགས་ཀྱི་གནད་ལ་འཁེལ་བའི་ཞབས་ཞུའི་སྟེགས་བུ་བཙུགས་ནས། སྲིད་ཇུས་ལག་བསྟར་བྱེད་པའི་མཐའ་མཇུག་གི་དཀའ་གནད་ཐག་གཅོད་བྱས་ཏེ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་སོགས་ལྟེ་བའི་བླང་བྱར་དམིགས་ནས། དམངས་གཉེར་ཁེ་ལས་ལ་ཚན་རྩལ་གསར་གཏོད་དང་ཐོན་ལས་རིམ་སྤོར་ནང་ཞུགས་པའི་ཁྲོད་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཚད་ལྡན་བཅོས་སྐྱོང་དང་ལམ་ལུགས་འཛུགས་སྐྲུན་ཁྲོད་རྨང་གཞིའི་སྟོབས་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ལེའུ་གསར་པ་འབད་པས་འབྲི་དགོས་ཟེར།
“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ལས་དོན་ནང་གི་གལ་འགངས་ཆེ་ཤོས་ཡིན། ཚང་འཛོམས་གྲོས་ཚོགས་སྟེང་དུ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ནན་མོ་གཏོང་དགོས་པའི་གྲོས་འགོ་བཏོན་ནས་གཞི་རིམ་མང་ཚོགས་ལ་སྐུལ་མ་བཏང་། མཚོ་ཤར་གྲོང་ཁྱེར་མིན་ཧི་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཤིས་ཀོའུ་ཡུལ་ཚོ་མ་ཏི་ཀོའུ་གྲོང་ཚོའི་གྲོང་མི་ཏེང་ཧའེ་ཨན་གྱིས་བབ་ཆགས་ཡིན་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་བཤད་རྒྱུར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པས་མི་དམངས་ཀྱི་བདེ་སྐྱིད་ལ་དོ་ཁུར་ཆེན་པོ་བྱས་པར་བརྟེན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད་ང་ཚོར་ཡིད་ཆེས་སྔར་ལས་ཆེན་པོ་བསྩལ་ཡོད། ལོ་འདི་དག་གི་རིང་ལ། གྲོང་ཚོར་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་བྱུང་བ་དང་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་བཟང་པོར་བརྟེན་ནས། ཤ་མོ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བྱུང་བ་དེས། ང་ད་ལྟ་ལོ63ལ་བུད་ཡོད་ཀྱང་རང་གི་སྒོ་འགྲམ་དུ་ལས་ཞུགས་བྱེད་ཐུབ་པར་མ་ཟད། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱིས་ལོ་རེར་ཆུ་རིན་ཆད་མེད་དུ་སྤྲོད་ཀྱིན་ཡོད། ང་ཚོ་མི་དམངས་རྣམས་ཀྱིས་སེམས་གཏིང་ནས་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ་དང་སྲིད་ཇུས་བཟང་པོར་བསྟུན་ནས། རང་གི་ལག་པ་གཉིས་ལ་བརྟེན་ནས་འབད་བརྩོན་བྱས་པ་ཡིན་ན། གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་ངེས་ཡིན་ལ་འཚོ་བའང་སྔར་ལས་ཇེ་སྐྱེད་ཇེ་ལེགས་སུ་འགྲོ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།
བདེན་འཛིན་དངོས་གཉེར་བྱས་ནས་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་གཞི་རྩའི་ངེས་གནས་དང་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། མ་འོངས་པའི་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མ་ལག་ལྡན་པའི་སྒོ་ནས་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་གིས་བལྟས་ན། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་སྟོབས་ཤུགས་ཕྱོགས་ལ་བཏོན་ནས། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་དེ་དོན་དངོས་སུ་བསྒྱུར་དགོས་ཟེར།
གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི“དབང་རྩའི་མཇུག་སྣེ”ཡིན་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་ཏང་འཛུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དཀའ་གནད་སེལ་བ་དང་རྣམ་པ་གསར་པ་གཏོད་རྒྱུར་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡི་ཁྲུའུ་དང་པོའི་རིམ་པ་གཉིས་པའི་ཀྲུའུ་རིན་ཚན་ཁག་གི་ལས་མི་ཀྲའོ་སི་ཡོན་གྱིས་བཤད་རྒྱུར། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་དོན་ཐད་ཏང་གི་འགོ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་སོ་སོར་ཁྱབ་པར་བྱེད་རྒྱུ་དང་། སྣ་མང་མཉམ་སྐྱོང་སྟེགས་བུ་བཙུགས་པ་བརྒྱུད། མང་ཚོགས་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་དང་སྙིང་ཉེ་བའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མང་ཚོགས་ཀྱི་འདོད་བློ་གང་ཐབས་ཀྱི་ལས་ཀ་གཉེར་ནས། སྡེ་ཁུལ་དང་ཁེ་ལས། སྤྱི་ཚོགས་རྩ་འཛུགས་སོགས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱས་ནས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་རྣམ་པ་གྲུབ་པར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དངོས་སུ་བསྒྱུར་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་སྔར་ལས་ཆེ་རུ་གཏོང་དགོས།
རང་གི་ཉེ་གམ་གྱི་དངོས་ཡོད་འགྱུར་ལྡོག་སྐོར་གླེང་སྐབས། ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་མེ་འཁོར་འབབ་ཚུགས་ནུབ་མའི་ཁྲོམ་གཞུང་གི་ཡན་ཀྲོང་སྡེ་ཁུལ་གྱི་གྲོང་མི་ཏུའུ་གོ་ཡུས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་ནས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་སྟེང་བཀོད་སྒྲིག་བྱས་པའི་དམངས་འཚོའི་བྱེད་ཐབས་ལ་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད། འདུས་སྡོད་ཁོར་ཡུག་ལ་མཚོན་ནས་བཤད་ན། སྔོན་ཆད་ཡན་ཀྲོང་གི་སྡོད་ཁང་སོགས་སྒྲིག་ཆས་རྙིང་པ་ཡིན་པ་དང་འཚོ་བ་ཧ་ཅང་སྟབས་བདེ་མིན། སྡེ་ཁུལ་ཏང་ཨུས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས། ཆུ་སྦུག་དང་བགྲོད་ལམ་བསྒྱུར་བཀོད་བྱས་པ་དང་། ལམ་སྒྲོན་སྒྲིག་སྦྱོར་བྱས་པར་མ་ཟད། ད་དུང་ལས་རྣམ་གསར་པ་ནང་འདྲེན་བྱས་ནས། དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་གྲོང་མིའི་ཡོང་འབབ་ཀྱང་སྔར་ལས་ཇེ་མང་དུ་ཕྱིན་ཡོད། ང་ཚོས་མིག་གིས་མཐོང་བའི་འགྱུར་ལྡོག་དེ་དག་ནི་ཏག་ཏག་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་སྟོབས་ཀྱི་མཚོན་ཚུལ་ཆེས་ཡག་ཤོས་དེ་ཡིན། ཏང་གི་སྲིད་ཇུས་ཀྱིས་སེམས་འདི་འདྲའི་དྲོ་སྐྱིད་ལྡན་པར་བྱས་པའི་དབང་གིས། རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་ཟེར།
ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཏང་ཨུའི་རྩ་འཛུགས་པུའུ་གཞུང་ལས་ཁང་གི་ལས་བྱེད་པ་ཧྲི་ཝུན་ཆང་གིས་བཤད་རྒྱུར། མང་ཚོགས་ཀྱི་བྱ་བ་ཆེ་ཆུང་ལེགས་པར་བསྒྲུབ་དགོས་ན། ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་དེ་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས་པ་དང་། འཁོར་སྐྱོད་ལམ་སྲོལ་དང་ལས་ཀའི་སྟོབས་ཤུགས་ལ་དམ་འཛིན་གང་ལེགས་བྱས་ཏེ། མང་ཚོགས་ཀྱི་སེམས་ལ་བརྣག་པའི་བྱ་བ་དང་ཆེས་ཐད་ཀར་དང་ཆེས་དོན་དངོས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་ནན་མོ་བྱེད་དགོས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་དམ་པོར་བསྟུན་ནས། ལས་བྱེད་པའི་ལྟ་སྐུལ་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་དམ་འཛིན་དང་ཞིབ་མོ་བྱས་ནས། ལས་འགན་ལྕི་མོ་འཁུར་ཕོད་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་མཚུངས་སུ། སྐོར་ཞིབ་ལྟ་ཞིབ་ལྟ་སྐུལ་གྱི་འགན་འཁྲི་ནན་མོ་འཁུར་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཇེ་དམ་དུ་འཛིན་རྒྱུར་མཛུབ་སྟོན་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྩ་འཛུགས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་བདེ་སྐྱིད་ལ་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།