

ལུང་དབྱང་ཀྲི་ཞན་གྱི་སན་ཝུན་ཉ་ལས་སྣོད་ཁེ་ལས།
ལུང་དབྱང་ཀྲི་ཞན་གྱི་འཕྲུལ་ཆས་ཀྱིས་སན་ཝུན་ཉའི་དངོས་ཟོག་སྒམ་འཛིན་བཞིན་པ།
ལུང་དབྱང་ཀྲི་ཞན་གྱི་ཁྱོན་ཡོངས་རང་འགུལ་གྱི་ཐོན་སྐྱེད་སྒྲུབ་རིམ།
ཟི་ལིང་གནམ་ཐང་གི་མཁའ་འགྲུལ་དངོས་ཟོག་སྐྱེལ་འདྲེན་གྱིས་དངོས་ཟོག་ཕོག་ལེན་གྱི་ཡུལ་དངོས།
སན་ཝུན་ཉ་གསར་པ་ཡིན་ལ་ཞིམ་པོ་ཡིན། དེའི་ཕུན་སུམ་ཚོགས་པའི་ཤ་ཚིལ་དེ་ལྕེ་རྩེ་ཡིས་དལ་གྱིས་མྱོང་བཞིན་པའི་སྐད་ཅིག་མ་དེར། ཟས་ཟ་འདོད་ཀྱི་ཡི་ག་གཏིང་ནས་སློང་བར་བྱེད། ཉ་རིགས་དེ་ཆུ་ངོས་དང་ཁ་བྲལ་མ་ཐག་ཏུ་དུས་ཚོད་དང་འགྲན་སྡུར་བྱེད་བཞིན་ཡོད།
ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚ་རྔ་འགག་ཆུ་མཛོད་དུ། མཐོ་སྒང་གི་ཉི་འོད་རབ་ཏུ་འཚེར་བའི་འོག་ཏུ་ཆུ་རིས་ཡམ་ཡོམ་འགུལ་བཞིན་ཡོད་ཅིང་། སན་ཝུན་ཉ་རྒྱགས་པ་ཞིག་གྲང་ངར་ཆེ་བའི་མཚེའུ་ཡི་ནང་ནས་ཡར་མཆོང་ལྡིང་བྱས་ཏེ། ཉ་འཛིན་དྲ་རྒྱའི་སྟེང་དུ་དངུལ་མདངས་ཀྱི་གཞུ་ཐིག་བྲིས།
ཚ་རྔ་ཀྲི་ཞིན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་ཟིའི་ལག་རྩལ་འཁོར་སྐྱོད་པུའུ་ཡི་པུའུ་ཀྲང་ལིས་མིང་རུའེ་ཡིས་བཤད་རྒྱུར། ཉ་ཡི་གསར་ཤོས་ཀྱི་ཆ་ཆེས་ཆེ་བའི་སྒོ་ནས་ཉར་འཇོག་བྱེད་ཆེད། ཁེ་ལས་ཀྱིས་ཉ་ཆུའི་ནང་ནས་བཟུང་བ་ནས་དམིགས་སར་སྐྱེལ་བའི་བར་དུ། ལས་རིམ་རེ་རེས་དུས་ཚོད་དམ་འཛིན་བྱས་ཏེ་མྱུར་ཚད་སྲུང་འཛིན་བྱེད་ཀྱིན་ཡོད་ཟེར། ལིས་མིང་རུའེ་ཡིས་རང་འགུལ་ཅན་གྱི་ཉ་འཇིབ་འཕྲུལ་ཆས་ལ་མཛུབ་སྟོན་བྱས་ནས། དངུལ་འོད་འཚེར་བའི་ཉ་སན་ཝུན་གཅིག་ལས་སྣོན་སྟེགས་བུའི་ཐོག་བསྐྱལ་བ་ན། ཁོའི་ལྟག་རྒྱབ་ཏུ་ལས་བཟོ་པ་རྣམས་ཀྱིས་བྲེལ་འཚུབ་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་བྱེད་ཀྱིན་འདུག
ལིས་མིང་རུའེ་ཡིས་ལས་རིམ་ཆ་ཚང་བརྒྱུད་དེ་ཐོན་པའི་ཉ་ཞིག་ལག་པས་བསྙབས་ནས་མཛུབ་མོས་ཉའི་ལུས་སྟེང་མནན་ཏེ་བཤད་རྒྱུར། ཁྱོད་ཀྱིས་ཉ་ཤ་འདི་ལ་ཅིག་ལྟོས་དང་། ཤ་ཟེར་ནོ་ཧ་ཅང་ལེགས་ཡ། ཁེ་ལས་ཀྱིས་སན་ཝུན་ཉ་ཆུ་ཚོད་གཅིག་གི་ནང་དུ་ངེས་པར་དུ་ཆུ་ངོས་ནས་འདོན་པ་དང་ཁྲག་གཏོང་བ། སྐྱུར་ཕུད་པ། འཁྱགས་པོར་བཟོས་ནས་ཉ་ཤ་ཡི་གསར་ཤོས་སྲུང་འཛིན་བྱེད་པའི་གོ་རིམ་ཆ་ཚང་ལེགས་འགྲུབ་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད། སྔོན་ཆད་སྲོལ་རྒྱུན་གྱི་ཉ་འཛིན་ཐབས་སྤྱོད་ཀྱིན་ཡོད་པའི་དབང་གིས། ཉ་རྒྱའི་ནང་དུ་ཉ་བཟུང་རྗེས་ཀྱང་དུས་ཚོད་མང་པོ་ཞིག་ལ་ནང་དུ་བཀག་ཉར་བྱས་ཡོད་པའི་དབང་གིས། ཉ་ཤར་སྐྱུར་ལངས་ནས་བྲོ་བ་ཞིམ་རྒྱུ་མེད་ཟེར།
ཁེ་ལས་ཀྱིས་ནང་ཁུལ་གྱི་ལས་རིམ་སྔར་ལས་ཇེ་ལེགས་སུ་བཏང་ཡོད་ནའང་། དུས་ཡུན་རིང་བོར་བསགས་པའི་དཀའ་ངལ་གང་རུང་ཞིག་ལས་ཀའི་ཐོག་མཐའ་བར་གསུམ་དུ་གནས་ཡོད་དེ། ཉ་ཤ་བཟོ་གྲྭ་ནས་ཐོན་རྗེས་ཇི་ལྟར་གསར་ཤོས་ཀྱི་ཆ་སྲུང་འཛིན་བྱས་ཏེ་སྐྱེལ་འདྲེན་བྱ་རྒྱུའི་ཐད་ནས་ངེས་གཏན་རང་བཞིན་ཞིག་མེད་པ་ནི་དཀའ་ཁག་ཆེ་ཤོས་ཤིག་ཏུ་གྱུར་ཡོད།
ཚ་རྔ་ཀྲི་ཞན་ཉོ་སྒྲུབ་ཀྱི་སྤྱི་ཁྱབ་ལྟ་སྐུལ་པ་གཞོན་པ་ཏུའུ་ལན་ཀྲུང་གིས་འདས་ཟིན་པའི་དོན་དག་གླེང་སྐབས་སྨིན་མ་བསྡུས་ནས་བཤད་རྒྱུར། ང་ཚོས་རང་གི་བཟོ་གྲྭའི་ནང་ནས་ཉ་ཤའི་གསར་ཤོས་ཀྱི་ཆར་ཚོད་འཛིན་བྱེད་ཐུབ་ནའང་། གནམ་གྲུའི་མཛོད་ཁང་ལ་ཚོད་འཛིན་བྱེད་མི་ཐུབ། ན་ནིང་དབྱར་ཁར། དངོས་ཟོག་ཏུན8ཞིང་ཆེན་ཕྱི་རོལ་གྱི་བར་བརྒྱུད་གནམ་གྲུ་ཐང་དུ་སླེབས་སྐབས་གློ་བུར་དུ་གནམ་གྲུའི་ནང་ན་མཛོད་ཁང་མེད་པར་བཤད། དེ་བས་ང་བྲེལ་འཚུབ་ཆེན་པོ་ལངས་ནས། ཧིན་རྡུ་ཉི་ཞི་ཡའི་སྐུ་མགྲོན་གྱིས་ཁ་པར་གྱི་ཕར་སྣེ་ནས་ངལ་ཡང་ཡང་འདྲི་རྩད་བྱས་བྱུང་། མཇུག་མཐར་ཉ་གནས་སྐབས་ཀྱི་གྲང་མཛོད་ནང་དུ་དབོར་ཐབས་མེད་པར་བརྟེན། མངགས་ཐོ་ཡང་རྩིས་མེད་དུ་གཏོང་བ་ལས་གདམ་ག་མེད་པར་གྱུར་བ་རེད་ཟེར། ཁོས་གདོང་ལ་སྡུག་གི་མདུད་པ་བརྒྱབ་ནས་མགོ་གཡུག་གཡུག་བྱས་ཏེ་བཤད་རྒྱུར། སྐབས་དེར་ང་ལ་ང་ཚོའི་མཚོ་སྔོན་གྱི་དངོས་པོ་བཟང་པོ་འདི་དག་བདེ་བླག་ངང་སྐྱེལ་འདྲེན་བྱེད་མི་ཐུབ་པ་ནི་དཀའ་ངལ་ཞིག་རེད་སྙམ་པའི་དོགས་པ་སྐྱེས་བྱུང་།
ཟི་ལིང་མཁའ་འགྲུལ་དངོས་ཟོག་སྐྱེལ་འདྲེན་དང་ལུང་ཡང་ཀྲི་ཞན་ཀུང་སིའི་སྦྲེལ་མཐུད་བྱས་པ་དེ་ནི་བསྒྱུར་བཅོས་གཏོང་བའི་གོ་སྐབས་སུ་གྱུར། ཏུའུ་ལེན་ཁྲུང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། “སྐབས་དེར་ཁོ་ཚོས་མཉམ་དུ་མཚོ་སྔོན་གྱི་ཐོན་རྫས་གསར་བ་ཕྱི་རུ་སྐྱེལ”“ང་ཚོས་མ་གྲོས་རང་མཐུན་གྱིས་ཐོན་རྫས་གསར་བ་དང་རྒྱུད་ལམ་བཟང་བོ་ནི། ང་ཚོ་ལ་ཆེས་མཁོ་བ་དེ་མ་ཡིན་ནམ།”
འོན་ཀྱང་། མཚོ་སྔོན་སན་ཝུན་ཉ་ཡི“འཕུར་བསྐྱོད”ཀྱི་ལམ་བུ་བཏོད་པར་འགྲན་སློང་གིས་ཁེངས་ཡོད། ཟི་ལིང་གནམ་ཐང་དངོས་ཟོག་ས་ཚིགས་ཀྱི་ཁྲོམ་རའི་ལས་དོན་འགན་འཛིན་པ་ཀྲང་ལིས་ཅོན་དྲན་པའི་ངོགས་ན་མཱན་ཀོའུ་མཁའ་འགྲུལ་ལམ་ཐིག་བཏོད་པའི་རྒྱུད་རིམ་དག་ད་དུང་གསར་བོར་ཡོད།
“ཆེས་དཀའ་ཁག་ཆེ་བ་ནི་མཱན་ཀོའུ་གནམ་ཐང་གི་གྲང་མཛོད་གཏན་ཁེལ་བྱེད་པ་དེ་རེད”ཀྲང་ལིས་ཅོན་དགོད་ཞོར་དུ་བཤད་རྒྱུར“སྦྲགས་ཡིག་བསྐུར་བ་དེ་ཤེས་མེད་ཚར་མེད་དུ་གྱུར་པས། ངས་སྔོན་ཆད་ཐེ་ལན་རྒྱལ་ཁབ་དུ་ལྗོངས་རྒྱུ་བྱེད་སྐབས་ངོ་ཤེས་པའི་ཡུལ་སྐོར་སྣེ་ཤན་པ་དེར་དྲིས་པ་ལས། ལིང་མཱན་གནམ་ཐང་གི་ཞབས་ཞུའི་ཁ་པར་ཤེས་རྟོགས་བྱུང་བ་ཡིན། དེ་ནས་ཞབས་ཞུའི་ཁ་པར་ལ་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་གྱི་ཁ་པར་ཨང་གྲངས་ཤེས་བྱུང་། དེར་བརྟེན་ཕ་རོལ་བར་འབྲེལ་གཏུག་བྱེད་ཐུབ་སོང་།”ཟེར།
འོན་ཀྱང་། དཀའ་ཁག་དེ་ཙམ་གྱིས་མཇུག་རྫོགས་སོང་བ་མིན་པར། “ཁ་པར་བཏང་རྗེས། ཕ་རོལ་བའིHelloཞེས་པའི་སྐད་དེ་ཐོས་པས། ངས་ལོ་མང་བོར་དྲན་པའི་གཏིང་དུ་སྦས་ཡོད་པའི་དབྱིན་སྐད་ཐོ་རེ་ལོང་ངེ་བ་དེ་ཕྱིར་མངོན་དགོས་བྱུང་།”ཕྱོགས་གཅིག་ནི་ས་སྐྱེ་རྡོ་སྐྱེས་ཀྱི་དབྱིན་སྐད་རྣལ་མ་ཡིན་ལ། ཅིག་ཤོས་ནི་བརྡ་ཙམ་འཕྲོད་མིན་གྱི་དབྱིན་སྐད་ཐོ་རེ་ལོང་ངེ་ཞིག་ཡིན། ཁ་པར་གྱི་སྣེ་གཉིས་སུ་རང་རང་སོ་སོས་ཅི་དགར་བཤད་བཞིན་ཡོད་པས། ཕན་ཚུན་ལ་གོ་བརྡ་སྤྲོད་མ་ཐུབ། མཐའ་འཇུག་ཡིག་བསྒྱུར་མཉེན་ཆས་དང་དབྱིན་ཡིག་ཚིག་མཛོད་བཀོད་སྤྱོད་བྱས་པས། ཀྲང་ལིས་ཅོན་གྱིས་གཞི་ནས་ལིང་མཱན་གནམ་ཐང་ལ་གྲང་མཛོད་གསུམ་ཡོད་པ་གཏན་ཁེལ་བྱས་པ་དང་། དེའི་ཁྲོད་གཅིག་གི་དྲོད་ཚད་སན་ཝུན་ཉ་གྲང་ཉར་བྱེད་པའི་ཧྲེ་ཧྲི་ཏུའུ2-8གྱི་བླང་བྱ་དང་མཐུན་པས། ད་བཟོད་སེམས་བདེ་མོས་ལས་ཀ་རྗེས་མ་དག་ལ་བཀོད་སྒྲིག་བྱས་པ་ཡིན།
དེ་ལྟར། ཐེངས་རེ་རེར་འབྲེལ་འདྲེས་དང་མཐུན་སྦྱོར། ཞིབ་བརྡར་བྱས་པར་བརྟེན། མཚོ་སྔོན་སན་བུན་ཉ་ཡི“འཕྱུར་བསྐྱོད”ལམ་བུ་དེ་རིམ་བཞིན་བཏོད་ཐུབ་པ་བྱུང་། ད་སྐབས། ཟི་ལིང་མཁའ་འགྲུལ་གྱི་དངོས་ཟོག་སྐྱེལ་འདྲེན་བརྟན་བརླིང་དང་འགན་སྲུང་ཡོད་པ་ཞིག་ཡིན་ལ། སན་ཝུན་ཉ་གཅིག་པ་མ་ཡིན་པར་སྐམ་ཤ་དང་སྔོ་ཚལ། འཕང་འབྲས་སོགས་མཚོ་སྔོན་རྟགས་ཅན་གྱི་ཐོན་རྫས་གང་མང་ཞིག་དེ་བས་རྒྱང་ཐག་རིང་བའི་ཁྲོམ་རར་སྐྱེལ་ཐུབ་པ་བྱུང་།
སན་ཝུན་ཉ་ཡི“འཕུར་བསྐྱོད”ལམ་བུ་ནི། མཚོ་སྔོན་གྱིས་རྒྱལ་ཡོངས་གཅིག་གྱུར་ཁྲོམ་རར་མཉམ་འདྲེས་བྱེད་པ་དང་། རྒྱལ་ནང་གི་འཁོར་བསྐྱོད་གཉིས་ཀྱི་རྣམ་པར་སྦྲེལ་མཐུད་བྱེད་པའི་བསྡུས་གཟུགས་ཤིག་ཡིན། ཤར་མཐུད་ནུབ་སྤེལ་གྱི་གནས་སའི་ལེགས་ཆ་ལ་བརྟེན་ནས། མཚོ་སྔོན་གྱིས་གཞུང་ལམ་དང་ལྕགས་ལམ། མཁའ་བསྐྱོད་གསུམ་གྱི་ལངས་གཟུགས་ཀྱི་དངོས་ཟོག་སྐྱེལ་འདྲེན་དྲ་རྒྱ་བཙུགས་ཡོད། གོར་མོ་ནས་ཁུའུ་ཨར་ལི་ལྕགས་ལམ་དང་། ལན་ཀྲི་ནས་ཞིན་ཅང་ཨ་ལ་ཧྲན་ཁུའུ་གྲོང་ཁྱེར་གྱི་ལྕགས་ལམ་ལ་བརྟེན་ནས་ནུབ་ཕྱོགས་སུ་སྒོ་འབྱེད་བྱས་ཡོད་ལ། འཛུགས་བསྐྲུན་བྱེད་བཞིན་པའི་ཀྲུང་ཅེས་ཝུའུ་ལྕགས་ལམ་ལ་སྦྲེལ་མཐུད་བྱས་ཏེ་ཨེ་ཤ་ཡ་ཤར་མ་དང་ནུབ་མའི་དཔལ་འབྱོར་དོག་ལམ་ཁྲོད་མཉམ་འདྲེས་བྱས། ལྷོ་ནུབ་ས་ཁུལ་གྱི་འགྲོས་མྱུར་སྦྲེལ་མཐུད་རྒྱུད་ལམ་མགྱོགས་མྱུར་ངང་འཛུགས་པ་དང་། ཁྲིན་ཏུའུ་དང་ཁྲུང་ཆིན་གྱི་དཔལ་འབྱོར་ཚོགས་པ་མཉམ་འགུལ་བྱེད་པ། ནུབ་ཕྱོགས་སྐམ་སའི་རྒྱུད་ལམ་གསར་བ་བ་ལྷོ་སྨད་མཚོ་འགྲུལ་བཏོད་པ་བཅས་བྱས་ནས། ཞིང་ཆེན་རིམ་པའི་གཞུང་ལམ21ཤར་གཏོང་བྱས་ཏེ“ཤར་རྒྱུད་ས་ཁུལ་གྱི་དྲ་རྒྱས་ནུབ་རྒྱུད་ས་ཁུལ་ལ་སྟབས་བདེ་བསྐྲུན”པའི་རྣམ་པ་གྲུབ་པར་བྱེད་པ་མངོན་འགྱུར་བྱས།
དངོས་ཟོག་འཁོར་རྒྱུག་ཤར་གཏོང་ཐུབ་རྗེས་ཐོན་ལས་ལ་གསོན་ཤུགས་འཛོམས་ཡོད། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། མཚོ་སྔོན་གྱིས་དངོས་ཡོད་འགུལ་སྤྱོད་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་གལ་ཆེན་ར་སྤྲོད་གཏིང་ཟབ་གནང་བ་སྟེ། འཁོར་རྒྱུག་སྒྲིག་གཞི་འཐུས་ཚང་དང་དངོས་ཟོག་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། གཞི་གཅིག་སྦྲེལ་མཐུད་ཐུབ་པའི་འཁོར་རྒྱུག་སྒྲིག་སྲོལ་དང་ཚད་གཞི་འཐུས་ཚང་དུ་བཏང་བ་མ་ཟད། སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་འཁོར་རྒྱུག་མ་རྩ་ཇེ་དམའ་རུ་བཏང་།
སན་ཝུན་ཉ་འཁོར་རྒྱུག་བགྲོད་ལམ་ནི་གནས་གཅིག་ནས་གནས་གཅིག་གི་སྐྱེལ་འདྲེན་ཇེ་ལེགས་སུ་བཏང་བ་ཙམ་མིན་པར་མཚོ་སྔོན་ཞིང་ཆེན་རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་སྐམ་སའི་བགྲོད་ལམ་གསར་བར་ཞུགས་པ་ཡིན་ལ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་མོ་དང་སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་མ་རྩ་ནུས་ལྡན་སྒོས་ཇེ་དམར་གཏོང་བའི་མ་ལག་རང་བཞིན་གྱི་བཟོ་སྐྲུན་འགྲུབ་པར་བྱས། མཚོ་སྔོན་ཞིང་ཆེན་གྱིས་དྲ་རྒྱ་དང་སྒྲིག་གཞི་སྙོམས་པ། མཉམ་འདྲེས་ལ་སྐུལ་བ་བཅས་བྱས་ནས་འགྲིམ་འགྲུལ་དངོས་ཟོག་འཁོར་རྒྱུག་གི་དཀའ་གནད་སེལ་བ་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་ཚུར་སྣང་ནུས་ལྡན་བྱས་པ་ཅི་ལ་མིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། དངོས་ཟོག་སྐྱེལ་འདྲེན་ནི་དངོས་ཕུང་དཔལ་འབྱོར་གྱི་སྲོག་རྩ་ལྟ་བུ་ཡིན་ལ། ཐོན་སྐྱེད་དང་འཛད་སྤྱོད། རྒྱལ་ནང་གི་ཚོང་དོན་དང་ཕྱི་ཕྱོགས་ཉོ་འཚོང་འབྲེལ་མཐུད་བྱས་ཏེ། ངེས་པར་དུ་སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་ནུས་ལྡན་ངང་མ་རྩ་ཇེ་དམའ་རུ་གཏོང་བ་དང་། ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བ། དཔལ་འབྱོར་འཁོར་བསྐྱོད་ཀྱི་ཕན་འབྲས་མཐོ་རུ་གཏོང་དགོས།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། མཚོ་སྔོན་གྱིས་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་ཐེངས561བཏང་། སན་ཝུན་ཉ་དང་ནོར་གནག་སོགས“མཚོ་སྔོན་རྟགས་མའི”ཐོན་རྫས130ལྷག་འཛམ་གླིང་དུ་སྐྱེལ། ན་གོར་མོ་ནས་ཁུའུ་ཨར་ལི་ཡི་ལྕགས་་ལམ་གྱི་སྤུས་ཚད་མཐོར་གཏོང་བཟོ་སྐྲུན་ཡོངས་འགྲུབ་བྱས་ཏེ་ལག་བསྟར་བྱེད་འགོ་བརྩམས་པ་དང་། “ཟི་ལིང་རྟགས་མའི”ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་གྲངས་ཀ་དེ“ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན། གཞུང་ལམ”བཅས་དང་། “གཞུང་ལམ་དང་མཁའ་འགྲུལ”གྱི་རྣམ་པ་མང་པོར་བརྟེན་ནས་མཉམ་འབྲེལ་སྐྱེལ་འདྲེན་གྱི་དྲ་བ་ཐོག་མ་མངོན་འགྱུར་བྱུང་། “ས་ཚིགས་ནས་ས་ཚིགས”དང“སྡེ་ཁག་ནས་སྡེ་ཁག”བར་གྱི་རིམ་སྤར་མངོན་འགྱུར་བྱུང་ལ། མཚོ་སྔོན་གྱི་སྤུས་ལེགས་བུལ་ཏོག་དང་འོད་ཤུགས་སྒྲིག་ཆས། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྔར་ལས་སྟབས་བདེ་དང་མ་རྩ་དམའ་བའི་སྒོ་ནས་འཛམ་གླིང་ལ་ཁྱབ་པར་བྱས།
ཟི་ལིང་ཚའོ་ཅཱ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་དངོས་ཟོག་སྐྱེལ་འདྲེན་ཁུལ་དུ་ལངས་ནས། ཏུའུ་ལན་ཀྲུང་གིས“ལུང་དབྱང་ཀྲི་ཞན”གྱི་མཚོན་རྟགས་ཡོད་པའི་སྒམ་རྣམས་སྒོ་ཁྲལ་ལས་ཁུངས་ཀྱི་གེགས་མེད་ལམ་ཡངས་བརྒྱུད་དེ་གནམ་གྲུའི་སྟེང་བཞག་པ་དང་། གདོང་ལ་བློ་བདེ་བའི་འཛུམ་མདངས་རྒྱས་ཡོད། ཁོས་འཕུར་འགོ་བརྩམས་པའི་གནམ་གྲུ་བསྟན་ནས་བཤད་རྒྱུར། དེ་རིང་ཚྭ་རྔ་འགག་ནས་ཉ་བཟུང་ན་སང་ཉིན་མཱན་ཀུའུ་ཡི་ཟས་ཅོག་སྟེང་ཐོན་ཐུབ་པས། ད་ལྟ་མངག་ཉོ་བྱས་ན་ཡིད་ཆེས་ཡོད་པར་གྱུར། དུས་ཚོད36འདིའི་རིང་ལ་སྲུང་བ་ནི་སན་ཝུན་ཉ་ཡི་བྲོ་བ་དངོས་དེ་ཡིན་ལ། མཚོ་སྔོན་ཟོང་རྟགས་ཀྱི་ཡིད་ཆེས་དང་སྙན་གྲགས་རེད།
མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཚྭ་རྔ་འགག་གི་ཉ་གསར་བ་ནས་ཤར་ནུབ་གཅིག་ཏུ་སྦྲེལ་བའི་སྐམ་སའི་བགྲོད་ལམ་གསར་པ་བརྒྱུད་དེ། མཚོ་སྔོན་འགྲིམ་འགྲུལ་བར་ཁྱམས་ནས་དཔལ་འབྱོར་བར་ཁྱམས་དང་། སྐམ་སའི་དབུས་ཁུལ་ནས་སྒོ་འབྱེད་མདུན་གྲལ་དུ་མགྱོགས་མྱུར་ངང་བསྐྱོད་ཀྱིན་ཡོད།
མཐོ་སྒང་ནས་འཛམ་གླིང་དུ། ཉ་གསར་བ་དེ་མཚོ་སྔོན་གྱི་མཐོ་སྒང་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པའི་ཡིད་ཆེས་དང་གཏིང་ཤུགས་ཡིན་ལ། ཀྲུང་གོའི་ནུབ་རྒྱུད་གསར་སྤེལ་གྱི་མཐོ་ཚད་གསར་པ་ཡང་ཡིན།
བན་དེ་སྐྱབས། ཁོན་ཐར་དབང་རྒྱལ། ཤ་བོ་རིན་མཚོ་བཅས་ཀྱིས་བསྒྱུར།