མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པའི་སྐབས་འདིར། ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཟེངས་བསྟོད་དང་དཔལ་ཡོན་མཚོ་སྔོན་འཛུགས་སྐྲུན་གྱི་སྐུལ་སྤེལ་ཚོགས་འདུ་གཟབ་རྒྱས་ངང་བསྡུས། འདི་ནི་ཉེ་བའི་ལོ་འགའི་ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་འཛུགས་སྐྲུན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་བརྟག་བཤེར་བྱེད་པ་དང་། དེང་སྐབས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཚད་གཞི་ཞིབ་གསལ་དུ་གཏོང་བ། སྤྱི་ཚོགས་ཡོངས་སུ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་དབྱངས་རྟ་གཙོ་བོ་སྔར་ལས་ཆེ་རུ་གྱེར་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ཐད་བསམ་བློའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པས། ང་ཚོས་གཟེངས་བསྟོད་ཐོབ་པའི་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་དོན་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་རྒྱུ་དེ་གཞི་རྩར་བརྩིས་ཏེ། དཔལ་ཡོན་མཚོ་སྔོན་འཛུགས་སྐྲུན་བྱ་འགུལ་ཟབ་སྤེལ་བྱས་པ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་བ་རྒྱ་ཆེར་སྤེལ་ལ། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། མཚོ་སྔོན་གྱི་བསམ་བློའི་མཐོ་ས་ཧུར་ཐག་གིས་སྐྲུན་པ་དང་། རིགས་སོ་སོའི་མི་དམངས་ཐུན་མོང་གི་བསམ་བློའི་ཁྱིམ་གཞི་གསར་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་བསམ་བློའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས། དེང་སྐབས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་ཟབ་མོ་བྱེད་བཞིན་ཡོད་ལ། ཕྱོགས་གཉི་ག་འཛིན་དགོས་པ་དང་ཕྱོགས་གཉི་ག་དམ་དགོས་པའི་འཐབ་ཇུས་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དབྱངས་རྟ་གཙོ་བོ་དར་སྤེལ་དང་དྲང་ཕྱོགས་ནུས་ཚད་གཅིག་སྡུད། དར་སྲོལ་གསར་བ་གསར་འཛུགས་བཅས་བྱས་ན། ད་གཟོད་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་གསར་བ་རྩོམ་ཐུབ།
ད་ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་བཏོན་ནས། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་གོང་འཕེལ་དུ་གཏོང་བར་རྩ་བའི་བསྲུང་བྱ་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་འདོན་སྤྲོད་བྱས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ན་ནན་ནན་ཏིག་ཏིག་བཞི་ལ་དམ་དུ་དམིགས་ནས། འཆར་འགོད་གང་ལེགས་བྱེད་པ་དང་རང་འགུལ་གྱིས་བྱ་བ་སྒྲུབ་སྟེ། མགོ་འཛུགས་ས་དང་ཤུགས་སྣོན་ས་ཡང་དག་པར་འཚོལ་དགོས། འཕེལ་རྒྱས་ཞེས་པའི་དོན་ཆེན་འདི་ལ་དམ་དུ་དམིགས་ནས་བྱ་བ་སྒྲུབ་སྟེ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ་དང་། འཕེལ་རྒྱས་ཀྱི་མི་འདང་སར་ཁ་གསབ་བྱེད་པ། རང་སྟེང་གི་དཀའ་ངལ་སེལ་བ་བཅས་ཀྱི་ཐད་ལ་བསམ་བློའི་སྒུལ་ཤུགས་ཆེན་པོ་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱེད་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཉིས་ཕན་ནུས་ལྡན་པའི་སྒོ་ནས་མཉམ་འདྲེས་ཡོང་བར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་དེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས། མཚོ་སྔོན་འདི་མི་དང་མིའི་བར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་སྡུག་གི་ཁྱིམ་གཞི་རུ་འཛུགས་སྐྲུན་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དུ་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་གནད་དོན་ཐག་གཅོད་པ་ནས་མགོ་བརྩམས་ཏེ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱས་ནས། མི་དམངས་མང་ཚོགས་ཀྱིས་བསམ་པའི་དཔལ་ཡོན་གསར་སྐྲུན་ཐད་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་དུ་འཇུག་པ་དང་ཁོ་ཚོ་དེའི་ཁྲོད་དུ་རང་འགུལ་གྱིས་ཟབ་ཞུགས་བྱེད་དུ་འཇུག་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཟབ་མོ་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། བབ་བསྟུན་སྣེ་ཁྲིད་དང་བབ་བསྟུན་མདུན་སྐྱོད་ཀྱིས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་ཡར་སྐུལ་ཆེན་པོ་བྱེད་པ་དང་། ཏང་སྲོལ་ཡོ་བསྲང་བྱེད་པར་སྐུལ་འདེད་བཏང་ནས། ཏང་སྲོལ་དང་སྲིད་སྲོལ་བཟང་པོས་སྤྱི་སྲོལ་དང་དམངས་སྲོལ་ལ་སྐུལ་ཁྲིད་བྱེད་དགོས།
བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཁྱབ་རྒྱ་ཆེ་བ་དང་བྱ་བའི་ནང་དོན་མང་བས། ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལ་དམིགས་ནས། གཙོ་གནད་འཛིན་པ་དང་གནད་འགག་འཛིན་པ། ཁྱོན་ཡོངས་སྐུལ་སྤེལ་བཅས་བྱས་ཏེ་བརྒལ་གཏོར་གསར་བ་ལེན་དགོས། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་། མི་གཞི་སྐྱེད་སྲིང་ལ་ཤུགས་སྣོན་པ། བརྗོད་གཞིའི་ལག་ལེན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། མཚོ་སྔོན་གྱི་བསམ་བློའི་མཐོ་ས་ཧུར་ཐག་གིས་བསྐྲུན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་རྩ་བ་མཚོ་སྔོན་གྱི་ས་གཞིའི་སྟེང་བརྟན་པོར་ཚུགས་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རིན་ཐང་འཚོལ་སྙེག་གི་སྤྱིའི་བགོ་གྲངས་ཆེས་ཆེན་པོར་འགྱུར་བར་བྱེད་དགོས།
གནད་ས་འབུར་ཐོན་དང་དཀའ་གནད་ཁྱབ་བསལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ཧུར་ཐག་གིས་ལེགས་སྒྱུར་བྱེད་པ་དང་། དཔལ་ཡོན་འཆམ་མཐུན་གྱི་མི་ཚུལ་ཁོར་ཡུག་ཧུར་ཐག་གིས་བསྐྲུན་པ། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཧུར་ཐག་གིས་ལེགས་སྒྱུར་བྱེད་པ། ན་གཞོན་ལོ་ཆུང་བདེ་ཐང་ངང་འཚར་ལོངས་འབྱུང་བར་མཐུན་རྐྱེན་བཟང་པོ་ཧུར་ཐག་གིས་བསྐྲུན་པ་བཅས་བྱས་ཏེ། དཔལ་ཡོན་མཚོ་སྔོན་དེ་དམངས་སེམས་དང་ཐག་ཉེ་ཞིང་དམངས་ཚིས་ལ་ཡར་སྐུལ་བྱེད་པའི་དམངས་སེམས་བཟོ་སྐྲུན་དང་དམངས་ཚིས་བཟོ་སྐྲུན་དུ་བསྐྲུན་དགོས། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་སློབ་གསོ་རྒྱུན་སྲིང་སྒོས་དམ་འཛིན་བཟང་པོ་བྱས་ཏེ། སྔོན་ཐོན་དཔེ་ལེགས་ཀྱི་མིག་དཔེ་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀུན་སྤྱོད་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་དངོས་སུ་ཤུགས་སྣོན་དགོས། དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་དང་དཔལ་ཡོན་སྡེ་གྲོང་གསར་སྐྲུན། དཔལ་ཡོན་ལས་རིགས་དང་དཔལ་ཡོན་ལས་ཁུངས་གསར་སྐྲུན། དཔལ་ཡོན་ཁྱིམ་ཚང་གསར་སྐྲུན། དཔལ་ཡོན་སློབ་གླིང་གསར་སྐྲུན་བཅས་ཟབ་སྤེལ་བྱས་ཏེ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་སྔར་ལས་ཟབ་སྤེལ་དང་རྒྱ་བསྐྱེད་དུ་བཏང་ནས། མཚོ་སྔོན་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་སུ་འཛུགས་སྐྲུན་བྱེད་པར་སྟོབས་དང་ལྡན་པའི་ཀུན་སྤྱོད་ཀྱི་རྒྱབ་རྟེན་དང་བསམ་བློའི་སྒུལ་ཤུགས་འདོན་སྤྲོད་བྱེད་དགོས།
དེང་སྐབས་ནི་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ལེན་པའི་དུས་མཚམས་གལ་ཆེན་དང་གནད་འགག་གི་སྐབས་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་དང་། མཐུན་སྦྱོར་གཞོགས་འདེགས། དངོས་འབེབས་དམ་འཛིན། ལས་གནས་ལ་རྐང་འཛུགས་པ། འགན་ནུས་ནན་སྒྲུབ། བབ་བསྟུན་མདུན་སྐྱོད། གསར་གཏོད་ལྷོད་མེད། མང་ཚོགས་སེམས་སུ་འཛིན་པ། བདེན་འཛིན་དངོས་སྒྲུབ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས།
ལོ་ཙཱ་བ། ཤ་བོ་རིན་མཚོ།