མགོ་ལོག་རྩྭ་ཐང་གི་དབུལ་ཐར་གཏམ་རྒྱུད།
2016.11.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 30

རྔམ་ཞིང་བརྗིད་པའི་ཨ་མྱེ་རྨ་ཆེན་འདབས་རོལ་དུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་འདུག
ལོ་ངོ་འདི་དག་གི་རིང་ལ་ང་ཚོའི་སྡེ་བར་སྔ་ན་མེད་པའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། རྩྭ་ཇེ་ལྗང་དང་ཆུ་ཇེ་དྭངས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་བ། ལམ་བཟང་བོ་ལས་པ་བཅས་ཀྱིས་གནས་དེའི་ཁོར་ཡུག་ཡང་གྲལ་དག་ཏུ་གྱུར་ཡོད་ཅེས་འབྲོག་པ་ཆོས་ལོས་དགའ་སྤྲོས་ངང་བཤད་བྱུང་།

རྨ་ཆེན་རྫོང་རྟ་བོ་ཞང་དགུ་སྟོད་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན། ལོ་གསུམ་གྱི་སྔོན་ལ་གནས་འདི་ནི་ས་ནག་ཐང་ཞིག་ཡིན་པ་དང་། སྡེ་དམངས་རྣམས་ཀྱིས་ས་ནག་ཐང་འདི་རུ་འཚོ་བ་རོལ་བཞིན་ཡོད་པས་ནོར་ལུག་ལ་འཚོ་རྩྭ་ཧ་ཅང་དཀོན། ལོ་ངོ་གསུམ་འདས་རྗེས་ཀྱི་དེ་རིང་། འདི་ལྟ་བུའི་ཆ་རྐྱེན་གྱི་མདུན་དུ་ས་གནས་སྲིད་གཞུང་གིས་ངེས་པར་དུ་དབུལ་ཕོངས་ཀྱི་རྩ་བ་མེད་པར་བཏང་སྟེ། སྡེ་བ་འདི་དབུལ་ཕོངས་ལས་ཐར་བར་བྱེད་དགོས་པ་ཐག་གཅོད་བྱས།

སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་གྱ་ལྔའི་མི་ལྔ་བརྒྱ་དང་བརྒྱད་ཅུའི་འབྲོག་དམངས་ཀྱིས་རྩྭ་བཏབ་ནས་སྤྱི་ཆིངས་ཉིས་བརྒྱ་ལྷག་གི་ས་ནག་ཐང་དེའི་རྣམ་པ་བསྒྱུར་ཏེ་ཕྱུགས་རྩྭའི་རྫོང་མཐུག་པའི་རྩྭ་མཛོད་ཐང་དུ་གྱུར་བས། དགུ་སྟོད་སྡེ་བའི་འབྲོག་དམངས་ཀྱིས་རྩྭ་སར་བརྟེན་ནས་འཚོ་བ་རོལ་ཐུབ་པར་གྱུར།
སྡེ་དམངས་ཆོས་ལོ་ཚང་ལ་བཟའ་མི་ལྔ་ཡོད་པ་དེས་རྩྭ་ས་སྤྱི་ཆིངས་ལྔ་བཅུ་ཡོད་པ་དེ་ཕྱུགས་ལས་མཉམ་ལས་ཁང་དུ་བཞག  སྔོན་ཆད་ས་ནག་ཐང་བཅོས་སྐྱོང་མ་བྱས་པའི་སྔོན་དུ་ཁོ་ཚང་ལ་ཡོང་སྒོ་གཅིག་ཀྱང་མེད་པ་དང་། ལོ་བཅོ་བརྒྱད་དུ་འབུད་ལ་ཡོད་པའི་བུ་གཉིས་ཡོད་མོད། འོན་ཀྱང་ལས་ཀ་ཅི་ཡང་ལས་རྒྱུ་མེད་པར་རང་ཁྱིམ་དུ་རང་དགར་བསྡད་ཡོད་པས་ཁྱིམ་ཚང་གི་འཚོ་བར་དཀའ་ཁག་ཆེ།  ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་རྗེས་བུ་གཉིས་ཀར་ལས་ཀ་ཡོད་པར་གྱུར་བ་དང་། ལོ་རེར་སྒོར་ཁྲི་ལྷག་གི་ཡོང་སྒོ་ཡོད་པའི་་ཁར་རང་ཚང་གི་ནོར་ལུག་བཙོང་ནས་སྐྱེལ་འདྲེན་བྱེད་སྤྱད་ཀྱི་རླངས་འཁོར་ཆུང་ཆུང་ཞིག་ཀྱང་ཉོས།

ས་ནག་ཐང་སྔོ་ལྗང་དུ་གྱུར་བ་དང་ཡོང་སྒོ་ཇེ་མང་དུ་སོང་བ་དེས་སྡེ་དམངས་ཆོས་ལོ་ལ་བདེ་སྐྱིད་འཚོ་བའི་བྲོ་བ་མྱངས་སུ་བཅུག
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་ཁུལ་ཡོངས་ཀྱི་མཚོ་ངོས་ལས་ཆེས་མཐོ་བའི་རྫོང་ཞིག་ཡིན་པ་དང་། རང་བྱུང་ཆ་རྐྱེན་ཅུང་ཞན་ལ་ཡོང་སྒོ་བཙལ་ས་དཀོན་པས་མང་ཚོགས་ཀྱི་འཚོ་བ་ཧ་ཅང་དབུལ་བོ་ཡིན། གནད་ཕིགས་དབུལ་སྐྱོར་བྱ་བ་འགོ་བརྩམས་པ་ནས་བཟུང་སྡེ་བའི་ནང་དུ་བསྡད་ཡོད་པའི་རོགས་སྐྱོར་ལས་བྱེད་པས་སྡེ་བའི་གནས་ཚུལ་དང་དམངས་ཀྱི་འདོད་བློར་ཟུང་འབྲེལ་བྱས་ནས་དབུལ་སྐྱོར་ཐོན་ལས་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་གཙོ་བོ་དེ་སྤུས་ལེགས་གཟན་རྩྭ་འདེབས་པ་དང་ཕྱུགས་ཟོག་གསོ་སྤེལ་བྱེད་པ།  མང་ཚོགས་ས་ཆ་གཞན་དུ་གནས་སྤོར་བའི་སྟེང་བཞག་པས། དེང་སྐབས་སྔོན་ཆད་དང་མི་མཚུངས་པ་ནི་རྨ་ཁ་ལི་སྡེ་གསར་གྱི་འབྲོག་དམངས་ཚོས་དཀར་ཞིང་གསལ་བའི་སོ་ཕག་གི་ཁང་བའི་ནང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།

རྨ་ཁྲ་ལི་སྡེ་གསར་དེ་རྨ་སྟོད་རྫོང་དང་བར་ཐག་ཅུང་ཉེ་ལ། འགྲིམ་འགྲུལ་ཡང་ཅུང་སྟབས་བདེ། ཁོ་ཚོ་ལོ་འགའི་སྔོན་ལ་རྨ་ཆུ་ཞང་ནས་གནས་སྤར་ཏེ་དེ་རུ་ཡོང་ནས་གྲོང་ཁྱེར་ལྟ་བུའི་ཅི་ཡིན་ཡང་སྟབས་བདེ་ཡིན་པའི་འཚོ་བ་རོལ་བཞིན་ཡོད།
འབྲོག་པ་གུ་སྐྱབས་ཀྱིས་བཤད་རྒྱུར། སྔོན་ཆད་ང་ཚོ་འདུག་ས་ས་ཁང་དང་འབུད་རྒྱུ་ཨོང་བ་ཡིན་པ་དང་། གློག་མེད་པས་མར་མེ་བཀར་པ་ཡིན། ཏང་དང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་དྲུག་བཏང་སྟེ། ངེད་ཚང་ལ་སོ་ཕག་གི་ཁང་པ་ལས་རོགས་བྱས་པ་མ་ཟད། ད་དུང་ལོ་རེར་མི་རེར་རྩྭ་སའི་ཁ་གསབ་སྒོར་སྟོང་བདུན་སྟེར་གྱིན་ཡོད་པ་དང་ངེད་ཚང་གི་བཟའ་མི་བཞི་བོ་ཆེས་དམའ་པའི་འཚོ་བའི་འགན་སྲུང་ནང་བཞག   ད་སྐབས་ང་ཚོ་ཁང་པ་གསར་བའི་ནང་བསྡད་ཡོད་ལ་སྡེ་བའི་ནང་གི་ཁྱིམ་ཚང་བརྒྱ་དང་དོན་དགུ་ཚང་མ་ངེད་ཚང་དང་གཅིག་འདྲ་ཡིན་ཞེས་དགའ་སྤྲོས་ངང་བཤད་བྱུང་།

གུ་སྐྱབས་ཀྱི་བུ་དང་བུ་མོ་གཉིས་རྫོང་མི་རིགས་སློབ་འབྲིང་དུ་སོང་ཡོད། གུ་སྐྱབས་ཀྱིས་བཤད་རྒྱུར། ད་ནས་བཟུང་ནས་སློབ་ཡོན་སྤྲོད་མ་ཐུབ་པར་བྱིས་པ་སློབ་གྲྭར་འགྲོ་མི་ཐུབ་པར་སེམས་ཁུར་བྱེད་མི་དགོས།
ད་སྐབས་རྫོང་ནས་ཞིང་སྡེའི་ལས་གཞི་མང་པོ་ཤུགས་ཆེན་གྱིས་ལག་བསྟར་བྱེད་བཞིན་ཡོད་པ་དང་གློག་བཀོལ་བར་ཡང་ཧ་ཅང་སྟབས་བདེ། སྔོན་ཆད་ཆུ་ལེན་ན་དུས་ཚོད་གཅིག་གི་ལམ་ལ་འགྲོ་དགོས་པ་དེ་ད་སྐབས་རང་ཁྱིམ་གྱི་སྒོ་ཁ་ནས་དུས་ཚོད་སྐར་མ་འགའི་ནང་བླངས་ཆོག  སྡེ་བའི་ནང་ག་ས་གང་དུ་འགྲོ་ན་གཞུང་ལམ་ཡོད་པ་དང་། ཁྱིམ་ཚང་རེ་རེའི་ཆུ་གློག་ལམ་གསུམ་བཀོལ་བར་ཧ་ཅང་སྟབས་བདེ་བས།  ང་ཚོས་ཀྱང་ལོ་སར་གྱི་སྐབས་སུ་བརྙན་འཕྲིན་ལས་ཕུན་སུམ་ཚོགས་པའི་ལོ་སར་གྱི་རིག་རྩལ་ལེ་ཚན་ལ་ལྟ་ཐུབ་པ་ཡིན། དབུལ་བོ་ལས་ཐར་དགོས་ན་གཙོ་བོ་འདུ་ཤེས་དང་བསམ་ཕྱོགས་སྒྱུར་དགོས་ཞེས་ཟེར།

དུས་ཡུན་ལོ་ངོ་གཅིག་གི་རིང་ལ་འཛུགས་སྐྲུན་བྱས་རྗེས། རྨ་ཁྲ་ལི་སྡེ་གསར་ལ་རོགས་སྐྱོར་གྱི་ཚུལ་དུ་ལས་པའི་དྲོད་ཁང་བརྒྱད་ཡོད་པ་དང་། དེའི་ནང་དུ་སྔོན་ཆད་གནས་དེ་རུ་འདེབས་མ་མྱོང་བའི་སྔོ་ཚོད་སྣ་ཚོགས་བཏབ། ད་ལོར་ལྷག་པར་དུ་ཚོད་མ་སྣ་ཁ་བཅུ་བཞི་ལྷག་བཏབ་ནས་འབྲས་བུ་སྨིན་པས། སྡེ་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ལེགས་པོ་ཞིག་སྐོང་ཐུབ།  དེ་ལས་ཀྱང་གཙོ་བོ་ནི་སྔོན་ཆད་བུད་མེད་ཚོ་ཕྱི་རུ་སོང་ནས་ལས་ཀ་མི་ལས་པའི་གོམས་གཤིས་དེ་འགྱུར་ནས་ཚང་མས་སྔོ་ཚོད་འདེབས་འཛུགས་ཀྱི་ལག་རྩལ་སྣ་ཚོགས་བསླབ་ཏེ་ལག་རྩལ་གསར་བས་ཁྱེར་ཡོང་བའི་གྲུབ་འབྲས་ལོངས་སུ་སྤྱོད་བཞིན་ཡོད།

མན་ཏེ་བཟང་མོ་ནི་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ནས་རྟ་བོར་ཐང་དུ་འོང་སྟེ་མུས་རྒྱ་དཔངས་གྲུ་བཞི་མ་བརྒྱར་མི་ལོངས་པའི་ཟས་རིགས་ཚོང་ཁང་ཞིག་ཕྱེས། ན་ནིང་མོས་རྨ་ཆེན་རྫོང་སྲིད་གཞུང་ལ་མཉམ་ལས་ཁང་ཞིག་འཛུགས་འདོད་ཀྱི་རེ་ཞུ་བཏོན་ཏེ་ས་གནས་དེའི་ལྷད་མེད་ཀྱི་ཕྱུགས་ལས་ཐོན་རྫས་ལ་དམིགས་ནས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་ལས་དོན་སྒྲུབ་འགོ་བརྩམས།

སྡེ་བའི་བུད་མེད་བཅུ་ཡིས་མན་ཏེ་བཟང་མོའི་སྣེ་ཁྲིད་འོག  ནོར་ནག་བརྒྱ་ལྷག་ཉོས་ཏེ་ཁྱིམ་ཚང་རེ་རེ་འགན་གཙང་ལེན་བྱེད་དུ་བཅུག་ནས་འོ་མ་དང་མར་ཆུར་བཅས་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ཕྱིར་འཚོང་བྱས། མན་ཏེ་བཟང་མོ་གྲོང་རྡལ་ཡོངས་ཀྱི་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་བུད་མེད་སྣེ་ཁྲིད་པ་དང་པོར་གྱུར་བ་མ་ཟད། དབུལ་ཕོངས་ཁྱིམ་ཚང་གི་བུད་མེད་མང་པོར་སྐུལ་སློང་བྱས་ནས་མཉམ་ལས་ཁང་དུ་ཞུགས་སུ་བཅུག

དར་མཚོ་ཚང་ནི་ཁྱིམ་ཚང་དབུལ་བོ་ཞིག་ཡིན་པ་དང་ཁོ་མོ་ཚང་ལ་བཟའ་མི་ལྔ་ཡོད། དཔལ་འབྱོར་གྱི་ཡོང་ཁུངས་ཅི་ཡང་མེད་པས་མོ་ཡང་མཉམ་ལས་ཁང་ནང་དུ་ཞུགས། དར་མཚོས་བཤད་རྒྱུར། མོ་མཉམ་ལས་ཁང་གི་ནོར་བཞོ་ཡིན། ལོ་མཇུག་ཏུ་སྒོར་སྟོང་གཉིས་དང་ལྔ་བརྒྱའི་ཡོང་འབབ་ཡོད་པ་དང་། མཉམ་ལས་ཁང་གིས་ད་དུང་མོའི་བྱིས་པ་གསུམ་པོར་སོ་སོར་སྒོར་ལྔ་བརྒྱའི་སློབ་སྦྱོང་རོགས་དངུལ་བྱིན། འདི་ནི་ཁྱིམ་ཚང་དབུལ་བོ་ངེད་ཚང་ལྟ་བུར་མཚོན་ན་དངོས་གནས་དུས་ཐོག་ཆར་འབབ་རེད་ཅེས་བཤད།

ད་སྐབས་མཉམ་ལས་ཁང་གི་འདེབས་འཛུགས་གཞི་ཁྱོན་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ། མཉམ་ལས་ཁང་ལ་དེང་ཐོག་ལས་བཟོ་བ་བཅུ་ཡོད་པ་དང་ད་ལྟ་སུམ་ཅུར་བསླེབས། ་ནོར་ནག་ཉིས་བརྒྱ་བཞི་བཅུ་ཡོད་ལ། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གསུམ་དང་ལྔ་བརྒྱར་བུད།
མན་ཏེ་བཟང་མོས་མཇུག་མཐར་རྒྱལ་ཁབ་ཀྱིས་འབྲོག་དམངས་ལ་སྟོབས་དང་ལྡན་པའི་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་བཞིན་ཡོད་པས། ང་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་འཚོ་བ་ཇེ་ལེགས་སུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཞེས་བཤད།
 

ལོ་ཙཱ།  བསོད་ནམས་ལྷ་མོ།