ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྔོ་ཚོད་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་མཁོ་འདོན་བྱེད་པའི་རྟེན་གཞི་གཙོ་བོ་ཡིན་པའི་ཆ་ནས། མཚོ་ཤར་གྲོང་ཁྱེར་གྱིས“ཁྱད་ལྡན་གཉིས་དང་ལེགས་ཆ་ལྡན་པ་བརྒྱད”ཀྱི་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་དེ། སྔོ་ཚོད་དང་སིལ་ཏོག ཤའི་རིགས། ཆུ་འཁྱག་ཉ་རིགས་བཅས་དང་དེ་མིན་ཞིང་ལས་ཐོན་རྫས་སོགས་གཞི་ཁྱོན་ཅན་དང་ཚད་གཞི་ཅན་ལྟར་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་བ་དང་མཉམ་དུ། སྔར་ཡོད་ཀྱི་སྤུས་ལེགས་ཐོན་རྫས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། ཐོན་རྫས་གསར་པ་བསྐྲུན་གང་ཐུབ་བྱས།
རྒྱུས་ལོན་བྱས་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་དུ་རྨོ་ཞིང་གི་རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ཆིང་འབུམ་གཉིས་དང་ཁྲི་གཅིག་སྟོང་དྲུག་ཙམ་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་དགུ་ཟིན་པས། མཚོ་སྔོན་ཞིང་ཆེན་གྱི་ཞིང་ལས་ཐོན་ཁུལ་གཙོ་བོ་ཡིན། མངའ་ཁོངས་ནང་གི་མཚོ་ངོས་ལས་མཐོ་ཚད་ནི་མུས་སྟོང་གཅིག་དྲུག་བརྒྱ་ལྔ་བཅུ་ནས་མུས་སྟོང་བཞི་དྲུག་བརྒྱ་སོ་དྲུག་བར་ཡིན་ལ། ནམ་ཟླ་གྲང་བསིལ་ཡིན་པ་དང་འོད་འཕྲོ་བའི་དུས་ཡུན་རིང་བ། ཉི་འོད་འགྱེད་འཕྲོས་དྲག་པ་བཅས་ཐུན་མོང་མ་ཡིན་པའི་ས་གཤིས་ཆ་རྐྱེན་དང་གཞན་ལ་མེད་པའི་གནམ་གཤིས་ལེགས་ཆ་འཛོམས་པའི་དབང་གིས། མཚོ་ཤར་གྲོང་ཁྱེར་དུ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྤེལ་བའི་ཐད་གྲུབ་འབྲས་ཁྱད་འཕགས་ཐོབ། ནང་སྒོས་སུ་ཉེ་བའི་ལོ་འགའི་རིང་ལ་གྲོང་ཁྱེར་ཡོངས་ཀྱི་དེང་རབས་ཞིང་ལས་འཕེལ་ཚུལ་ཧ་ཅང་བཟང་སྟེ། ཆུ་མ་ས་ཁུལ་དུ་ཁྱད་ལྡན་སྔོ་ཚོད་དང་སིལ་ཏོག སྐམས་ལུག་ཤ། ཕག་གསོ་སྤེལ་བཅས་གཙོ་ཡིན་པའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་རྒྱུད་དང་། བར་ས་ས་ཁུལ་དུ་འགྱིག་ཤོག་ནང་ཞོག་ཁོག་དང་མ་རྨོས་ལོ་ཏོག་འདེབས་པ་དང་རྩྭ་ཕྱུགས་མཉམ་དུ་སྤེལ་བ་གཙོ་ཡིན་པའི་འཁོར་རྒྱུག་དཔལ་འབྱོར་སྤེལ་བའི་རྒྱུད། རི་མ་ས་ཁུལ་དུ་སྤུས་ལེགས་ལོག་དཀར་དང་དུག་སེལ་ཞོག་ཁོག་འདེབས་པ། སྡོང་ཕྲུག་གསོ་སྤེལ་བཅས་འདེབས་འཛུགས་གཙོ་བོ་ཡིན་པའི་ལྗང་མདོག་དཔལ་འབྱོར་རྒྱུད་བཅས“དཔལ་འབྱོར་རྒྱུད་ཆེན་པོ་གསུམ”གོང་དུ་སྤེལ་བའི་ཁྱབ་སྟངས་ཤིག་ཆགས་ཡོད།
སྔར་ལས་མང་བའི་ཁྱད་ལྡན་ཐོན་རྫས་ཇི་ལྟར་ཁྱད་ལྡན་མིང་གྲགས་ཐོན་རྫས་སུ་བསྒྱུར་དགོས་ཞེ་ན། རྒྱལ་ཁབ་ཕྱི་ནང་དུ་མིང་དུ་གྲགས་པའི་ནས་ཆང་ཐོན་ཡུལ་ཏེ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གིས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་ནམ་ཟླའི་ཆ་རྐྱེན་ལ་བརྟེན་པ་དང་། ཡུལ་བབ་དང་བསྟུན་ནས་འབྲུ་སིལ་འདེབས་རྒྱ་ཇེ་ཆེར་བཏང་། མཚོ་སྔོན་ཡའོ་ཁྲི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ཡིས་གོ་སྐབས་དེར་བསྟུན་ཏེ། 2009ལོ་ནས་བཟུང་གཞི་ཁྱོན་ཆེན་པོའི་སྒོ་ནས་འབྲུ་སིལ་འདེབས་འཛུགས་བྱས། 2015ལོར་ཀུང་སིས་བཏང་བའི་འབྲུ་སིལ་རྒྱ་ཁྱོན་སྤྱི་ཆིང་སྟོང་གསུམ་ལྷག་ཏུ་སླེབས། དེའི་ནང་གི་སྤྱི་ཆིང་སུམ་བརྒྱ་ལྷག་ནི་ཚད་གཞི་མཐོ་བའི་འབྲུ་སིལ་རྟེན་གཞིར་གཏོགས་པས། དཔལ་འབྱོར་རིན་ཐང་ནི་ལོག་དཀར་འདེབས་པའི་ཡོང་སྒོ་ལས་ལྡབ་བཅུ་ཡན་རེད། ཕེན་ཨན་ས་ཁུལ་དུ་བྱ་སྒོང་གི་ཐོན་ལས་དང་རྒྱ་སྒོག་གི་ཐོན་ལས། ཞོག་ཁོག་གི་ཐོན་ལས། ཡུག་པོའི་ཐོན་ལས། སྐམས་ལུག་ཤའི་ཐོན་ལས་མུ་རྒྱུད་བཅས་ཐོན་ལས་མུ་རྒྱུད་ཆེན་པོ་ལྔ་སྐྲུན་བཞིན་པའི་སྒང་རེད། “སིལ་ཏོག་དང་སྔོ་ཚོད་ཐོན་སྐྱེད་རྟེན་གཞི་དང་གཟན་ཆས་འདེབས་པའི་རྟེན་གཞི། ཞོག་ཁོག་འདེབས་པའི་རྟེན་གཞི། སྐམས་ལུག་ཤའི་ཐོན་སྐྱེད་རྟེན་གཞི། བྱ་སྒོང་ཐོན་སྐྱེད་རྟེན་གཞི། རྒྱ་སྒོག་འདེབས་པའི་རྟེན་གཞི”བཅས་རྟེན་གཞི་ཆེན་པོ་དྲུག་ལ་ཐོག་མའི་གཞི་ཁྱོན་ཆགས་ཡོད། དམིགས་འབེན་ལྟར་ན། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁྲོད་ཕེན་ཨན་ས་ཁུལ་གྱིས་མུ་མཐུད་དུ“འཆར་འགོད་གཅིག་སྒྲིག་བཟོ་དང་ར་བ་གཅིག་བསྐྲུན་པ། རྟེན་གཞི་སྐོར་ཞིག་འཛུགས་པ། ཁེ་ལས་སྐོར་ཞིག་ནང་འདྲེན། མིང་གྲགས་ཐོན་རྫས་གཅིག་བསྐྲུན་པ”བཅས་ཀྱི་རིགས་ལམ་ལྟར། ད་ཡོད་ཀྱི་ཕེན་ཨན་སེ་མོད་གླིང་ཕྲན་གྱི་རྨང་གཞིའི་སྟེང་། སྤྱི་ཆིང་བརྒྱ་དང་སོ་གསུམ་ཡས་མས་ཡོད་པའི་སེ་མོད་ཐོན་ལས་ར་བ་བསྐྲུན་པ་དང་། སེ་མོད་ཞིང་ལས་དང་སེ་མོད་ཐོན་ལས་ར་བ། སེ་མོད་རིག་གནས་སྤྲོ་གསེང་ཐོན་ལས་བཅས་ནུས་ཤུགས་འདོན་ས་བྱས་ཏེ། གཙོ་བོ་ཐོན་སྐྱེད་དང་ལས་སྣོན། ཞིབ་འཇུག་གསར་སྤེལ་བཅས་གཞི་གཅིག་ཅན་གྱི་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་སེ་མོད་ཐོན་ལས་འདུས་ཁུལ་འཛུགས་སྐྲུན་བྱ་རྒྱུ་རེད།
ཉེ་བའི་ལོ་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་མུ་མཐུད་དུ་མིང་གྲགས་ཐོན་རྫས་བསྐྲུན་པའི་འཐབ་ཇུས་ལག་བསྟར་བྱས་པ་དང་། མཐོ་སྒང་གི་ལྷད་མེད་དང་སྐྱེ་ཁམས་སྐྱེ་ལྡན། སེ་མོད་སོགས་མིང་གྲགས་ཐོན་རྫས་བེད་སྤྱད་ནས། “རྨ་ཆུའི་ཚོད་སླེ”དེ་ས་ཁོངས་ཀྱི་མཚོན་རྟགས་བྱས་ཏེ། གངས་ལྗོངས་ནས་ཐོན་པའི་སིལ་ཏོག་དང་སྔོ་ཚོད། ཤའི་རིགས། བྱ་སྒོང་། ཆུའི་ཐོན་རྫས་བཅས་འཐུས་ཚབ་ཡིན་པའི་མིང་གྲགས་ཐོན་རྫས་སྐོར་ཞིག་གསོ་སྐྱོང་བྱས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་གཙོ་བོ་བརྒྱ་དང་སོ་བདུན་གྱི་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར་ཉེར་གཅིག་དང་བྱེ་བ་གཉིས་སུ་སླེབས་པ་དང་། ལོ་ཧྲིལ་པོའི་ཕྱིར་འཚོང་ཡོང་སྒོ་སྒོར་དུང་ཕྱུར་ང་བདུན་དང་བྱེ་བ་དྲུག་ས་ཡ་དགུ་ལ་སླེབས། རོང་འབྲོག་པ་ཁྱིམ་ཚང་འབུམ་གསུམ་དང་ཁྲི་དྲུག་སྟོང་བརྒྱད་ལྷག་ལ་སྐུལ་ཁྲིད་ནུས་པ་ཐེབས་པ་དང་། ཞིང་ལས་ཐོན་རྫས་ལས་སྣོན་བྱས་རྗེས་བཙོངས་ཚད་བརྒྱ་ཆའི་སོ་ལྔ་ཡས་མས་སུ་སླེབས། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།