རྒན་པའི་འཛད་སྤྱོད་ལ་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན་པ།
2016.12.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

རྒན་པ་རྣམས་ཀྱི་འཛད་སྤྱོད་འདུ་ཤེས་ལ་འགྱུར་ལྡོག་འབྱུང་བཞིན་པ། དེང་སྐབས་ཀྱི་རྒན་པ་རྣམས་ནི་མང་ཆེ་ཤོས་དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་པ་ནས་ལྔ་བཅུ་པར་སྐྱེས་པ་ཡིན་ལ། སྐབས་དེའི་དངོས་པོའི་འཚོ་བ་ཧ་ཅང་ཞན་པས་རང་ཉིད་ཀྱི་དགོས་མཁོ་མང་པོ་ཞིག་བསྐོང་ཐབས་བྲལ་བ་རེད། དེ་བས་གྲོན་ཆུང་སྒོས་འཛད་སྤྱོད་ཚོད་འཛིན་བྱེད་པའི་གོམས་སྲོལ་ཆགས་ཡོད། ད་ལྟ་ཁོ་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་བྲེལ་འཚུབ་ཆེ་བའི་བྱ་བ་ལས་བུད་པ་དང་ཁྱིམ་ཚང་གི་ཁུར་པོ་ཕྲག་ཏུ་བབས་ཡོད་པས། སེམས་ཤུགས་ཡོད་ཚད་རང་ཉིད་ཀྱི་ཚེ་མཇུག་གི་འཚོ་བ་ཇི་ལྟར་སྐྱིད་པོ་རོལ་རྒྱུའི་སྟེང་དུ་བཀོལ་ཆོག  རྒན་པ་མང་པོ་ཞིག་གི་འཛད་སྤྱོད་འདུ་ཤེས་ལ་འཕོ་འགྱུར་བྱུང་སྟེ་སྔོན་ཆད་ཀྱི“གྲོན་ཆུང་བྱེད་ཅི་ཐུབ་བྱེད་པ”ནས་ད་ལྟའི“སྒོར་མོ་བཀོལ་ཏེ་བདེ་སྐྱིད་ཉོ་བའི”ཕྱོགས་སུ་འགྱུར་བཞིན་ཡོད།

དེ་དང་མཉམ་དུ་དཔལ་འབྱོར་མྱུར་དུ་འཕེལ་བ་དང་བསྟུན་ནས། རྒན་པ་རྣམས་ཀྱི་ཡོང་སྒོའང་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཉོ་ཤུགས་ཇེ་ཆེར་འགྲོ་བའི་རྟིང་ཤུགས་ཆེན་པོར་གྱུར་པར་མ་ཟད། བུ་ཕྲུག་རྣམས་ཀྱིས་ཀྱང་ཕ་མ་རྣམས་ལ་རང་རང་གི་དཔལ་འབྱོར་དང་བསྟུན་ནས་འཛད་སྤྱོད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། ད་ལྟ་ཆེས་དར་བཞིན་པའི་ཡུལ་སྐོར་ལ་དཔེར་བླངས་ན། ཕྱི་རོལ་ཏུ་ཡུལ་སྐོར་ལ་འགྲོ་བའི་རྒན་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཡུལ་སྐོར་འཛད་སྤྱོད་ནི་རྒན་པ་རྣམས་ཀྱི་ཆེས་རྒྱུག་ཆེ་བའི་འཛད་སྤྱོད་དུ་གྱུར་ཡོད།

ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་རུ་བསྡད་ཡོད་པའི་ཨ་ཁུ་བཟོད་པ་ནི་ཡུལ་སྐོར་ལ་འགྲོ་རྒྱུར་དགའ་བའི་མི་ཞིག་ཡིན། ཁོས་གསར་འགོད་པར་བཤད་རྒྱུར། ལས་འཁྱུར་ངལ་གསོ་བྱས་རྗེས་ཁོས་རྒྱུན་དུ་ཆུང་མ་ཁྲིད་དེ་ཡུལ་སྐོར་ལ་འགྲོ་བ་དང་། དབྱར་ཁར་གནམ་གཤིས་བསིལ་བའི་གནས་སུ་སོང་ནས་ཚ་བར་གཡོལ་བ་དང་དགུན་ཁར་གནམ་གཤིས་དྲོ་བའི་གནས་སུ་སོང་ནས་ངལ་གསོ་བཞིན་ཡོད། དུས་རྒྱུན་དུ་ད་རུང་རང་ཉིད་ཀྱིས་རླངས་འཁོར་བསྐོར་ཏེ་ཞིང་ཆེན་ནང་ཁུལ་གྱི་ཡུལ་ལྗོངས་སོ་སོར་ལྟད་མོར་འགྲོ་བཞིན་ཡོད། “ད་ལྟ་འགྲིམ་འགྲུལ་སྟབས་བདེ་ཡིན་པ་དང་། ང་ཚོར་བྱ་བ་གང་ཡང་མེད་པས། རྒྱུན་དུ་ཡུལ་ནས་བསྡད་ན་ནད་འབྱུང་བར་སྐྲག་པ་ཡིན”ཟེར།

ཉེ་ཆར། གསར་འགོད་པ་ཡུལ་སྐོར་ལས་དོན་ཁང་མང་པོར་སོང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་བའི་ལོ་འདི་འགར། རྒན་པ་མང་པོ་ཕྱི་རལ་ཏུ་ཡུལ་སྐོར་འགྲོ་བར་དགའ་བས། རྒན་པར་དམིགས་པའི་ཞབས་ཞུ་ཇེ་མང་དུ་བཏང་བ་དང་། ཡུལ་སྐོར་ལས་དོན་ཁང་མང་པོས་རྒན་པའི་ཡུལ་སྐོར་ཚོགས་པ་བཙུགས་ནས། ཉིན་གཉིས་གསུམ་རེའི་ནང་དུ་ཚོགས་པ་རེ་བཏང་ཆོག་པར་བྱས་ཡོད། “རྒན་པའི་ཡུལ་སྐོར་ལ་ལེགས་ཆ་མང་པོར་རང་རང་གི་རྒན་གསོ་ཟླ་ཕོགས་ཡོད་པས། དཔལ་འབྱོར་དང་དུས་ཚོད་གང་གི་ཐད་ནས་ཀྱང་ཁོ་ཚོར་དཀའ་ཁག་མེད”ཅེས་ཡུལ་སྐོར་ལས་དོན་ཁང་གི་སྣེ་ལེན་པས་བཤད། ཡུལ་ལྗོངས་མཛེས་ཤིང་ལོ་རྒྱུས་ཀྱི་ཡུན་རིང་བའི་ལྗོངས་ཁུལ་ནི་ཁོ་ཚོ་ཆེས་དགའ་ས་རེད།
ཡུལ་སྐོར་ལས་གཞན་ད་རུང་། སྤྱི་ཚོགས་མྱུར་དུ་འཕེལ་པའི་ད་ལྟར། རྒན་པ་རྣམས་ཀྱིས“དར་སྲོལ་ཆེ་བའི”འཛད་སྤྱོད་བྱེད་ཚད་ཀྱང་ཇེ་མང་དུ་སོང་ཡོད། «ཀྲུང་གོའི་རྒན་པའི་ཐོན་ལས་འཕེལ་རྒྱས་ཀྱི་སྙན་ཞུ»ཡི་ནང་བསྟན་དོན། རང་རྒྱལ་རྒན་པ་རྣམས་ཀྱི་འཛད་སྤྱོད་མི་མངོན་པའི་ཤུགས་དང་འཛད་སྤྱོད་རེ་འདུན་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད། ཉིས་སྟོང་བཅུ་བཞི་ལོར། ཀྲུང་གོའི་རྒན་པའི་འཛད་སྤྱོད་ནུས་པ་ཕལ་ཆེར་སྒོར་དུང་ཕྱུར་བཞི་ཡིན་པ་དང་། ཉིས་སྟོང་ལྔ་བཅུ་ལོར་སླེབས་ན། འཛད་སྤྱོད་མི་མངོན་པའི་ཤུགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལ་བསླེབ་སྲིད་པས། GDPཁྲོད་ཀྱི་བསྡུར་ཚད་བརྒྱ་ཆའི་བརྒྱད་ནས་བརྒྱ་ཆའི་སོ་གསུམ་ཡས་མས་སུ་བསླེབ་ཐུབ། སྐབས་དེར་རང་རྒྱལ་ནི་རྒན་པའི་ཐོན་ལས་ཚོང་རའི་མི་མངོན་པའི་ཤུགས་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས།

རྒན་པའི་ཚོང་ར་དར་རྒྱས་སུ་འགྲོ་བཞིན་ཡོད། རྒན་པའི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། རྒན་པའི་མཁོ་རྫས་ཐད་མི་མངོན་པའི་ཤུགས་ཆེན་པོ་ལྡན། རང་ཞང་གི་འཛད་སྤྱོད་དངོས་པོའི་ཚོང་རར། རྒན་པ་རྣམས་ལ་དམིགས་པའི་དངོས་པོ་སྟེ། དཔེར་ན་མིག་ཤེལ་དང་ཉན་ཕན་ཡོ་བྱད། ལུས་ཁམས་བདེ་སྲུང་ཐད་ཀྱི་མཁོ་རྫས། གནོན་འཕུར་ཡོ་བྱད་སོགས་ཀྱི་ཚོང་བྲིན་བཞིན་ཡོད་པར་མ་ཟད། ད་རུང་རྒན་པའི་གྱོན་པ་དང་རྒན་པའི་ཁྱིམ་ཆས། རྒན་པའི་ཁ་པར། རྒན་པའི་དཔེ་དེབ་སོགས་ཀྱི་ཚོང་རའི་དགོས་མཁོ་ཧ་ཅང་ཆེ།

སྲོལ་རྒྱུན་གྱི་རྒན་པའི་མཁོ་རྫས་ལས་གཞན་ད་རུང་དེང་སྐབས་ཀྱི“བཞི་གཉིས་གཅིག”གི་ཁྱིམ་ཚང་གྲུབ་ཚུལ་ཁྲོད། ཕྱོགས་གཉིས་ཀ་བུ་ཕྲུག་ཁེར་སྐྱེས་ཡིན་པའི་བཟའ་ཟླས་ཕྱོགས་གཉིས་ཀའི་ཕ་མ་རྣམས་ཀྱི་མཁོ་རྫས་ཡོངས་རྫོགས་ཉོ་དགོས་པས། དེས་ཀྱང་རྒན་པའི་དཔལ་འབྱོར་དར་སྤེལ་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། རྒན་པ་རྣམས་ལ་དམིགས་པའི་རྒན་པའི་རྩེད་ཆས་དང་རྒན་པའི་ངོ་སྣུམ། རྒན་པའི་དུས་ཚོད་འཁོར་ལོ། རྒན་པའི་ལག་ཁྱེར་ཁ་པར། རྒན་པའི་གློག་ཀླད་སོགས་ཀྱི་ཚོང་ཧ་ཅང་རྒྱུགས་བཞིན་ཡོད།

ད་ལྟ་རྩེད་ཆས་ནི་བྱིས་པ་ཁོ་ནའི་རྩེད་པ་ཞིག་མིན་པར། རྒན་པར་དམིགས་པའི་རྩེད་ཆས་མང་པོ་ཞིག་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ཚོང་ར་ག་གེ་མོའི་ཚོང་བདག་གིས་གསར་འགོད་པར་བཤད་རྒྱུར། རྒན་པའི་རྩེད་ཆས་ཀྱིས་རྒན་པ་རྣམས་ཀྱི་སུན་སྣང་སེལ་ཐུབ་པར་མ་ཟད། “རྒན་པ་གཞོན་འགྱུར”རིགས་ཀྱི་རིག་ནུས་རྩེད་ཆས་ཀྱིས་ད་རུང་རྒན་པའི་འཆོལ་ནད་འགོག་ཐུབ། དུས་མཚུངས་སུ་རྒན་པ་རྣམས་ཀྱིས་སྤྱོད་པར་འཚམ་པའི་རིག་ནུས་ལག་ཁྱེར་ཁ་པར་དང་ལག་གདུབ། དུས་ཚོད་འཁོར་ལོ་སོགས་ནི་ཕ་མར་ཕུལ་བའི་ལེགས་སྐྱེས་ཆེས་བཟང་ཤོས་སུ་གྱུར་ཡོད། རྒན་པ་ཁ་ཤས་ཀྱིས་བཀོལ་བཞིན་པའི་རིག་ནུས་ཐོན་རྫས་ཀྱི་རིན་གོང་བདེ་ཞིང་བཀོལ་སྤྱོད་ཀྱང་བདེ་ལ། ཟད་གྲོན་ཆུང་བར་མ་ཟད་ད་རུང་རྒྱང་རིང་ནས་དོ་དམ་བྱེད་ཆོག་པ་དང་། ཐོན་རྫས་འདི་དག་གིས་ད་རུང་རྒན་པ་རྣམས་ཀྱི་འཚོ་བའི་གོམས་སྲོལ་དང་གཉིད་ལོག་པའི་སྤུས་ཀ། སྙིང་དང་རྩའི་ལྡིང་ཚད་སོགས་ཟིན་ཐོར་འགོད་ཆོག་པས། སྨན་བཅོས་བདེ་སྲུང་གི་རོགས་སྐྱོར་ནུས་པ་འདོན་ཐུབ།

རྒན་པ་རྣམས་ཀྱིས་དྲ་ཐོག་ནས་དངོས་པོ་ཉོ་བ་དེ་ཡང་དར་སྲོལ་ཞིག་ཏུ་གྱུར་ཡོད། ཨ་ནེ་གཡང་སྐྱིད་ནི་ད་ལོ་ལོ་རེ་བཞི་ལ་སོན་ཡོད་ནའང་གྲོགས་པོ་རྣམས་ཀྱི་མིག་ནང་དུ་ཁོ་མོ་ནི་དར་སྲོལ་གྱི་རྗེས་སྙེག་མཁན་གྱི་མི་སྤྲོ་སྣང་ཅན་ཞིག་ཡིན། ལོ་བཞི་ལྔ་ཞིག་གི་སྔོན་ནས་བཟུང་ཨ་ནེ་གཡང་སྐྱིད་དྲ་བར་ཞུགས་པ་དང་། དྲ་བའི་སྟབས་བདེ་ཡིས་ཁོ་མོར་སྤྲོ་བ་མང་པོ་བྱིན། དུས་རྒྱུན་དུ་ཁོམ་པ་ཡོད་སྐབས་ཁོ་མོ་དྲ་བར་ཞུགས་ཤིང་དཀའ་ཁག་དང་འཕྲད་ན་བུ་ལ་འདྲི་བཞིན་ཡོད། “བཀོལ་སྤྱོད་ཐེངས་འགར་བྱས་རྗེས་ཡོད་ཚད་ཤེས་འགྲོ”ཞེས་ཁོ་མོས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།

ཐོག་དང་པོར་དྲ་ཐོག་ནས་དངོས་པོ་ཉོ་སྐབས་ཁོ་མོ་སེམས་མི་བདེ་ནའང་རིམ་གྱིས་ཉམས་མྱོང་མང་པོ་ཐོབ། “སྔོན་ཆད་ངལ་གསོའི་ཉིན་མོ་རེ་རེར་ཕྱི་རོལ་ཏུ་དངོས་པོ་རྩག་རྩིག་ཉོ་རུ་འགྲོ་དགོས་མོད། འོན་ཀྱང་ད་ལྟ་ཕལ་ཆེར་ཚོང་ཁང་དུ་འགྲོ་མི་དགོས། ད་ལྟ་དྲ་ཐོག་ཏུ་ཉོ་མི་ཐུབ་པའི་དངོས་པོ་ཅི་ཡང་མེད་ལ། ནང་སྒོས་སུ་རྒན་པ་རྣམས་ཀྱིས་སྤྱོད་པར་འཚམ་པའི་དངོས་པོ་ནི་ཚོང་ཁང་དུ་ཉོ་ཐུབ་པའི་ངེས་པ་མེད་མོད། འོན་ཀྱང་དྲ་ཐོག་ཏུ་ཅི་ཡང་ཉོ་ཐུབ”ཟེར། “སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། རྒན་པ་རྣམས་ཀྱང་དེའི་རྗེས་སུ་བསྙེག་དགོས། དེ་མིན་ན་སྤྱི་ཚོགས་ཀྱིས་འདོར་ངེས་རེད”ཅེས་ཨ་ནེ་གཡང་སྐྱིད་དགོད་བཞིན་དུ་དེ་ལྟར་བཤད།

དེང་གི་དུས་འདིར། རྒན་པ་རྣམས་ཀྱི་མི་མངོན་པའི་ནུས་ཤུགས་ལ་སྣང་ཆུང་བྱེད་མི་རུང་། «ཉིས་སྟོང་བཅུ་བཞི་ལོའི་དྲ་ཐོག་སིལ་འཚོང་གི་འཕར་གནས་གསར་པ»ཡི་ཞིབ་འཇུག་སྙན་ཞུ་ལྟར་ན། རྒན་པ་རྣམས་ནི་དྲ་ཐོག་ནས་དངོས་པོ་ཉོ་བའི་འཛད་སྤྱོད་མི་ཚོགས་ཀྱི་ནུས་ཤུགས་གསར་པར་གྱུར་ཡོད། གློག་རྡུལ་ཚོང་དོན་སྟེགས་བུ་མང་པོས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་རྒན་པ་རྣམས་ལ་དམིགས་པའི་ཚོང་ར་བཏོན་ཡོད། གློག་རྡུལ་ཚོང་དོན་སྟེགས་བུའི་སྟེང་དུ་རྒན་པ་རྣམས་ཀྱིས་སྤྱོད་པར་འཚམ་པའི་དངོས་པོ་མང་པོ་མཐོང་ཐུབ་ལ། དེ་དག་ནི་ཚོང་ཁང་ལས་ཀྱང་འཛོམས་པོ་རེད། གློག་རྡུལ་བརྒྱུད་དེ་རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་རང་ཉིད་ལ་འཚམ་པའི་དངོས་པོ་ཉོ་ཆོག་པས། དྲ་འབྲེལ་གྱིས་འཛད་སྤྱོད་པར་སྟབས་བདེ་གང་ལེགས་བཟོས་ཡོད།

 

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།