ད་ལོའི་དབྱར་ཁར། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་འབྲི་ཆུ་ཞང་ཐང་ཁ་སྡེ་བར་སོང་བ་ན། འབྲོག་མི་དོན་བྷ་ཡིས་རྩྭ་ཐང་དུ་ཕྱུགས་འཚོ་བཞིན་འདུག མིག་གིས་ཕར་བལྟས་པ་ན།གང་སར་ཁྱབ་པའི་ནོར་ལུག་ནི་རྩྭ་ཐང་སྟེང་གཏོར་བའི་མུ་ཏིག་དང་གཉིས་སུ་མ་མཆིས།རགས་རྩིས་ཤིག་བྱས་པ་ན། ཕལ་ཆེར་ལུག་ལྔ་བརྒྱ་དང་ནོར་ཉིས་བརྒྱ་ལྷག་འདུག
ད་ལྟ་འབྲོག་ཁུལ་དུ་གྲངས་ཀ་དེ་འདྲ་མང་བའི་ནོར་ལུག་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད། དོན་ངོ་མར་ཕྱུགས་ཟོག་དེ་དག་གི་ཁྲོད་ནས་ཉུང་ཤས་ནི་དོན་བྷ་ཚང་གི་ཡིན་ལ། མང་ཆེ་བ་ནི་ཐང་ཁ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་རེད། དོན་བྷ་ཡི་ཕྱུགས་ཟོག་རྣམས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་བཞག་ཡོད་པ་དང་། ཁོ་རང་ཉིད་ཀྱང་མཉམ་ལས་ཁང་དུ་ཞུགས་ཏེ། མཉམ་ལས་ཁང་གི་ཕྱུགས་འཚོས་ནས་ཡོང་སྒོ་མང་པོ་ལེན་བཞིན་ཡོད།
ཐང་ཁ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སྔ་མ་ནི2009ལོར་ཚོད་ལྟའི་ཚུལ་དུ་བཙུགས་པ་ཡིན་ཞིང་། སྐབས་དེར་སྡེ་བའི་ནང་གི་འབྲོག་པ་ཚོ་མ་རྐང་ནང་ཞུགས་མཁན་མེད། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚུལ་རྡོར་གྱིས་ཕྱུགས་ཟོག་མང་བོའི་ཁྱིམ་ཚང་ཁ་ཤས་མཉམ་དུ་སྦྲེལ་བྱས་ནས་མཉམ་ལས་ཁང་དུ་ཞུགས་པ་དང་།དེའི་རྗེས་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་སུམ་ཅུ་ཙམ་མ་གཏོགས་མེད།
2014ལོའི་བར་དུ། ཐང་ཁ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ལ་སྲིད་གཞུང་གིས་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དྲུག་ཁྲི་དགུ་བཏང་ནས་འོ་བཟོས་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས་པར་མ་ཟད་། ད་དུང་ལུག་སྟོང་གཉིས་དང་དེང་རབས་ཅན་གྱི་ལས་སྣོན་འཕྲུལ་ཆས་སོགས་ཉོས་ཏེ་མཉམ་ལས་ཁང་གི་བྱ་བ་སྔར་ལས་ཀྱང་ཇེ་རྒྱས་ཇེ་ལེགས་སུ་བཏང་། འབྲོག་པ་མང་ཚོགས་ཚོས་མཉམ་ལས་ཁང་ལ་སྲིད་གཞུང་གིས་རོགས་སྐྱོར་མང་པོ་བྱེད་པ་དང་། དེའི་ཁར་ལོ་སྔོན་མ་འགར་ཡོང་སྒོ་ཤིན་ཏུ་བཟང་བ་མཐོང་ནས། གཅིག་འཕྲོར་གཅིག་མཐུད་ནས་མཉམ་ལས་ཁང་ནང་དུ་ཞུགས་པ་རེད།
ཡང་གཅིག་བཤད་ན་ལོ་འདི་དག་ལ། ཐང་ཁ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དངོས་སུ་ཚུགས་བྱུང་བ་དང་། སྒྲིག་སྲོལ་ལམ་ལུགས་དང་ནོར་དོན་ལམ་ལུགས་ཆ་ཚང་བར་གྱུར་པས། སྡེ་བ་ཡོངས་ཀྱི་ཁྱིམ་ཚང་ཉིས་བརྒྱ་དང་དོན་དགུ་གཅིག་ཀྱང་མ་ལུས་པར་མཉམ་ལས་ཁང་དུ་ཞུགས་པ་དང་། རྩྭ་ར་དང་ཕྱུགས་ཟོག ངལ་རྩོལ་པ་བཅས་མཉམ་སྒྲིལ་བྱས་པའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། རྩྭ་ར་མཉམ་སྒྲིལ་དང་ནོར་ལུག་མཉམ་སྒྲིལ་བྱས་ནས། མཉམ་ལས་ཁང་གིས་མ་རྐང་ནང་ཞུགས་པའི་བྱེད་སྟངས་སྤྱད་དེ་ཡོང་འབབ་བགོ་བཤའ་བརྒྱབ་པ་མ་ཟད། ལོ་དང་པོ་ནི་འཛུགས་སྐྲུན་གྱི་ལོ་ཡིན་པ་དང་ལོ་གཉིས་པ་ནི་སྲ་བརྟན་གྱི་ལོ་ཡིན་པ། ལོ་གསུམ་པ་ནི་ཡོང་འབབ་བགོ་བཤའ་རྒྱག་པའི་ལོ་ཡིན་པར་གཏན་འཁེལ་བྱས།
སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཅིའི་ཕྱིར་བཙུགས་པ་ཡིན་པའི་སྐོར་གླེང་སྐབས། ལས་འཛིན་མགོ་གཙོ་ཚུལ་རྡོར་གྱིས་བཤད་རྒྱུར། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་རྗེས། འབྲོག་པས་ཕྱུགས་བཀག་ཕྱུགས་ཉུང་བྱས་པས། ཡོང་སྒོ་ལ་ཅུང་ཟད་ཤུགས་རྐྱེན་ཐེབས་བྱུང་། ཁྱིམ་ཚང་རེར་ཕྱུགས་ཟོག་འགའ་ལས་མེད་པས་དུས་ཚིགས་བཞི་བོར་རྩྭ་ར་གཅིག་ནས་འཚོས་ན། རྩྭ་ར་རེས་སྐོར་མི་ཐུབ་པས་གནད་དོན་དེ་བས་ཀྱང་ཆེ། ངལ་རྩོལ་པར་ཡང་ཁོམ་ལོང་མེད་པ་དང་ཕྱུགས་ལས་ཀྱི་འཕེལ་ཚད་ཀྱང་ཇེ་དལ་ཏུ་སོང་། དེ་བས་སྡེ་བ་ཡོངས་ཀྱི་ཕྱུགས་ཟོག་ཚང་མ་མཉམ་གཅིག་ཏུ་སྒྲིལ་བའི་བསམ་བློར་སྐྱེས་ཏེ་ཕྱུགས་ཟོག་རེས་མོས་སུ་འཚོས་ནས་རྩྭ་ས་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་སོང་།
ཚུལ་རྡོར་གྱིས་བཤད་པ་ནང་བཞིན །རྩྭ་ས་སྲུང་སྐྱོབ་ལེགས་པོ་བྱས་པས། ཕྱུགས་ལས་ཀྱི་འཕེལ་ཚད་ཀྱང་རིམ་བཞིན་ཇེ་མཐོར་སོང་། ད་ལྟར་མཚོན་ན་མཉམ་ལས་ཁང་གི་ཕྱུགས་ཟོག་གྲངས་ཀ་ནོར་ལུག་ཁྲི་གཅིག་དང་སྟོང་ལ་སླེབས་ཡོད །དོན་བྷས་བཤད་རྒྱུར། ཏག་ཏག་ད་ལོར་ཡོང་འབབ་བགོ་བཤའ་རྒྱག་པའི་ལོ་དང་འཕྲད་ཡོད། ང་རང་ཉིད་ལ་མཚོན་ནས་བཤད་ན། རྩྭ་ར་དང་ནོར་ལུག ད་དུང་ངལ་རྩོལ་བྱས་པའི་གླ་སོགས་བསྣན་ན། ཕལ་ཆེར་སྒོར་ཁྲི་གཉིས་ཀྱི་ཡོང་སྒོ་འབབ་ཐུབ་ཟེར། །
རྩོམ་སྒྲིག་པ། བསོད་ནམས་ལྷ་མོ།