རྒྱང་སྐྱོད་ལ་རྒྱལ་ཁ་ལེན་པར་བོད་རིགས་མི་དམངས་ཀྱིས་བྱས་རྗེས་གལ་ཆེན་བཞག
2016.12.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

དམར་དམག་སྔ་གཞུག་ཏུ་ཡུན་ནན་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་བོད་རིགས་འདུས་སྡོད་ས་ཁུལ་བརྒྱུད་དེ་རྒྱང་སྐྱོད་བྱེད་དུས། བོད་རིགས་མང་ཚོགས་དམར་དམག་ནང་དུ་ཞུགས་པ་དང་། དམག་མིའི་ལམ་བྲོ་གྲ་སྒྲིག་དང་སྐྱེལ་འདྲེན། ལོ་ཙཱའམ་ལམ་སྟོན་པ་སོགས་རྣམ་པ་འདྲ་མིན་གྱི་སྒོ་ནས་རྒྱང་སྐྱོད་ལ་རོགས་འདེགས་བྱས་ཏེ། རྒྱ་བོད་སོགས་མི་རིགས་སོ་སོའི་བར་མཐུན་སྒྲིལ་གྱི་ཨ་ལོང་སྦྲེལ་བའི་གཏམ་སྙན་གང་སར་ཁྱབ་ཅིང་། རྒྱང་སྐྱོད་ལ་རྒྱལ་ཁ་ལེན་པར་བྱས་རྗེས་གལ་ཆེན་བཞག་པ་རེད།

ཡུན་རིང་པོར་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤེས་རབ་ཉི་མས་དམར་དམག་རྒྱང་སྐྱོད་ལ་བོད་རིགས་ཀྱིས་རོགས་འདེགས་བྱས་ཚུལ་ཕྱོགས་གསུམ་ནས་མངོན་ཡོད་ཅེས་བསྟན་པ་སྟེ།གཅིག་ནི་འབྲུ་རིགས་དང་མཁོ་རྫས་གྲ་སྒྲིག་དང་སྐྱེལ་འདྲེན། རྨས་མ་མྱུར་སྐྱོབ། ཕྱོགས་ཡོང་གི་དམར་དམག་སྣེ་ལེན་བཅས་བྱས་པ། དམར་དམག་བོད་ཁུལ་བརྒྱུད་དེ་རྒྱང་སྐྱོད་བྱེད་དུས་རང་བྱུང་ཆ་རྐྱེན་སྡུག་པ་དང་དམག་མིའི་ལམ་བྲོ་དང་མཁོ་རྫས་དཀོན་པ་སོགས་ཀྱི་དཀའ་ངལ་ལ་འཕྲད་པས། བོད་རིགས་མང་ཚོགས་ཀྱིས་ཐོག་མར་འབྲུ་རིགས་ཀྱིས་རོགས་སྐྱོར་བྱས། དཔེར་ན་ཀན་སུའུ་ཡི་བོད་རིགས་ཡུལ་དཔོན་དབྱང་ཅི་ཆིན་གྱིས་དམར་དམག་བོད་ཁུལ་བརྒྱུད་དུས་ལམ་ཕྱེས་པར་མ་ཟད། འབྲུ་རིགས་ཀྱིས་རོགས་སྐྱོར་བྱས་པའི་གཏམ་སྙན་དེ་ད་ལྟའི་བར་དུ་སྒྲོག་བཞིན་མཆིས།

གཞན་ཡང་དཀར་མཛེས་ཁུལ་བྲག་འགོ་རྫོང་གི་ཕྱག་མཛོད་ཡེ་ཤེས་རྡོ་རྗེ་ཡིས་རང་ཁྱིམ་དུ་ཉར་བའི་འབྲུ་རིགས་རྒྱ་མ་ཁྲི་ཕྲག་འགའ་དང་སྒོ་ཕྱུགས་བཅུ་ཕྲག་འགའ་དམར་དམག་ལ་རོགས་སྐྱོར་དུ་བྱིན་པ་དང་། གཞུ་མདའ་མཁར་སར་ཚོ་བའི་ཚོ་དཔོན་ཡེ་ཤེས་བཟང་པོས་འབྲུ་རིགས་རྒྱ་མ་ཁྲི་གསུམ་ལྷག་ཞལ་འདེབས་སུ་ཕུལ་བར་མ་ཟད། མང་ཚོགས་ལ་འབྲུ་རིགས་འབུལ་བར་སྐུལ་སློང་བྱས། «དཀར་མཛེས་ཁུལ་གྱི་རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ(དེབ་ཉེར་གཉིས་པ)»རུ་བཀོད་པ་ལྟར་ན། ལྕོག་རི་དགོན་གྱི་བླ་སྤྲུལ་བྲག་ཟུར་གྱིས་མང་ཚོགས་རྩ་འཛུགས་བྱས་ནས་དམར་དམག་ལ་དགའ་བསུ་བྱས་པའི་ཁར། དགོན་པར་ཉར་ཡོད་པའི་བོད་སྒོར་དང་ཇ། ཚྭ། ཕྱར་བ། སྦྲ་གུར། འབྲུ་རིགས་སོགས་མང་ཤས་དམར་དམག་ལ་བགོས་པ་རེད།

གཅིག་ནི་བོད་རིགས་མི་དམངས་ཀྱིས་ད་དུང་ཉེན་ཁ་དང་ངལ་བར་མ་འཛེམས་པར་འབྲུ་རིགས་དང་མཁོ་རྫས་གཡུལ་ངོ་དང་དམར་དམག་སྡོད་གནས་སུ་བསྐྱལ་ཅིང་། དམར་དམག་རྨས་མར་བདག་སྐྱོང་དང་བཀོད་སྒྲིག་ལེགས་པོ་བྱས། རྟའུ་རྫོང་གི་བོད་རིགས་མང་ཚོགས་དཀོན་མཆོག་སྒྲོལ་མས་གོ་མིན་ཏང་གི་དམག་མིའི་འཇིགས་སྐུལ་ལ་མ་འཛེམས་པར་བུད་མེད་དམར་དམག་བཅུ་འགེབས་སྲུང་བྱས་ཏེ་ཁོ་མོ་ཚོའི་རྨ་ཁ་གསོ་བཅོས་བྱས།

གཉིས་ནི་དམར་དམག་ལ་ལོ་ཙཱ་དང་ལམ་བསྟན་ཏེ་དཔུང་རོགས་བྱས་པ། དམར་དམག་གིས་བོད་ཁུལ་དུ་གཡུལ་འཐབ་བྱེད་དུས་བོད་རིགས་སྤུན་ཟླ་སྐོར་ཞིག་གིས་ལོ་ཙཱ་བ་དང་ལམ་སྟོན་པའི་འགན་ཁུར་ནས། དམར་དམག་ལ་གོ་བརྡ་སྤྲོད་རོགས་དང་མི་རིགས་བར་གྱི་འགལ་འདུ་སེལ་རོགས་བྱས། 1935ལོའི་ཟླ8པར་ཏང་ཀྲུང་དབྱང་གིས་གཡས་ལམ་དམག་དཔུང་གི་སྣེ་ཁྲིད་དེ་དམུ་དགེ་ནས་ལམ་ལ་ཆས་ཏེ་རྩྭ་ཐང་བརྒལ་བར་མགོ་རྩོམ་དུས། ས་དེའི་དགོན་པའི་གྲྭ་པས་ལམ་ཁྲིད་དེ་དམག་དཔུང་བདེ་བླག་ངང་སྐྱོད་པར་ཁག་ཐེག་ནན་ཏན་བྱས། གཞན་ཡང་བོད་རིགས་མི་དམངས་ཀྱི་གསར་བརྗེ་དྲག་ཆས་དམག་དཔུང་སྟེ། བོད་མི་སྐྱ་དམག་དང་དགེ་ལེགས་བདེ་གསར་གསར་བརྗེའི་དམག་དཔུང་། ཆུ་ཆེན་སྒེར་ཚུགས་དམག་དཔུང་། བོད་པ་རང་སྲུང་དམག་སོགས་ཀྱིས་དམར་དམག་ལ་དཔུང་རོགས་ཅི་ཐུབ་བྱས་མྱོང་།

གསུམ་ནི་བོད་རིགས་ན་གཞོན་རྣམས་ཧུར་ཐག་སྒོས་དམར་དམག་ནང་དུ་ཞུགས་པ། 1936ལོའི་ཟླ6པར། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་གཉིས་རྒྱལ་ཁའི་ངང་ཁམས་བྱང་ཕྱོགས་ཀྱི་མཁར་གྲོང་གཙོ་བོ་དཀར་མཛེས་སུ་ལྷན་འཛོམས་བྱུང་བའི་སྐབས་དེར། བོད་རིགས་མི་དམངས་ལ་གསར་བརྗེའི་སྲིད་དབང་སྟེ། ཀྲུང་ཧྭ་སུའུ་ཝེ་ཨེད་བོད་པ་སྲིད་གཞུང་འཛུགས་རོགས་བྱས་ལ། སྲིད་གཞུང་བཙུགས་རྗེས་དམར་དམག་གིས་བོད་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་བོད་རིགས་ན་གཞོན་ལས་བྱེད་པ་དང་བརྩོན་སེམས་ཅན་ཆིག་བརྒྱ་ལྷག་གསོ་སྦྱོང་བྱས་ཤིང་། ས་དེར་བོད་རིགས་ན་གཞོན་བདུན་ཅུ་ལྷག་གིས་གྲུབ་པའི་སྐྱ་དམག་རུ་ཆེན་ཞིག་ཀྱང་བཙུགས་པ་རེད།

དམར་དམག་ལ་འབྲེལ་འདྲིས་དང་རྒྱུས་ལོན་བྱུང་བར་བསྟུན་ནས་བོད་རིགས་ན་གཞོན་སྐོར་ཞིག་ཧུར་ཐག་སྒོས་དམར་དམག་ནང་དུ་ཞུགས་ཤིང་། ཞུགས་པའི་མི་གྲངས་རགས་རྩིས་ལྟར་ན་སྟོང་ཕྲག་འགར་སླེབས་པ་རེད། དེའི་ནང་དུ་སངས་རྒྱས་ཡེ་ཤེས་དང་བཀྲ་ཤིས་དབང་ཕྱུག་སོགས་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་རང་སྐྱོང་ལྗོངས་སོགས་ཞིང་ཆེན་དང་ལྗོངས་ཀྱི་ཏང་སྲིད་མགོ་ཁྲིད་གཙོ་བོའི་ལས་རྐང་དུ་ཞུགས་ནས། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་བརྟན་འཇགས་དང་འཕེལ་རྒྱས་ཀྱི་དོན་དུ་བྱས་རྗེས་གལ་ཆེན་བཞག་པ་རེད།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལང་ཝེ་ཝེ་ཡིས་བཤད་རྒྱུར། དམར་དམག་བོད་ཁུལ་དུ་སྡོད་ཡུན་རིང་ཞིང་བཅའ་སྡོད་ཀྱི་ས་རྒྱ་ཆེ་ལ། བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ནང་སྒོས་སུ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱད་དེ་ཁ་ཚ་དགོས་གཏུག་གི་མི་རིགས་ཀྱི་གནད་དོན་རྙོག་འཛིང་ཅན་ཐག་བཅད་དེ། བོད་རིགས་འདུས་སྡོད་ས་ཁུལ་བདེ་བླག་ངང་བརྒལ་ཏེ་སོང་བ་ནི་སྒྲིགས་ལམ་དམ་པོ་ཞིག་ཡོད་པའི་དྲིན་རེད།

དམར་དམག་བོད་ཁུལ་དུ་མ་སླེབས་པའི་ཡར་སྔོན་ལ། དམར་དམག་གིས་བོད་མི་དམངས་ཀྱི་ཁབ་དང་སྐུད་པ་ཙམ་ཡང་མི་འཁྱེར་ཞེས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ཤིང་། དོ་སྣང་བྱ་དགོས་པའི་དོན་ཚན་ད་དུང་གླུ་གཞས་སུ་བསྒྲིགས། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་ཡུན་ནན་བདེ་ཆེན་གྱི་བོད་ཁུལ་བརྒྱུད་དུས། དགོན་པས་རང་འགུལ་གྱིས་ནས་རྒྱ་མ་སུམ་སྟོང་དང་། ཚྭ་དང་ཀ་ར་ནག་པོ་འབོར་ཆེན་དམར་དམག་ལ་བཙོངས། ཧོ་ལུང་དངོས་སུ་བླ་མ་དང་མཇལ་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག་བྱས་པ་དང་། དགོན་པར“བོད་རིགས་དར་རྒྱས”ཞེས་པའི་དར་ཆ་ཡུག་གཅིག་གནང་ལ། དགོན་པའི་བླ་སྤྲུལ་གྱིས་ཧོ་ལུང་ལ་ཇ་དང་ཕག་ཤ་སོགས་བྱིན་པར་རིན་དངུལ་སྤྲད་དེ་ད་གཟོད་བླངས་པ་རེད།

གཞན་ཡང་དམར་དམག་གིས་མི་རིགས་ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་དང་མཐུན་སྒྲིལ་ཅི་ཐུབ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་སྟེ། བོད་ཁུལ་དུ་སྡོད་དུས་ཏང་གི་མི་རིགས་སྲིད་ཇུས་ངེས་པ་དོན་གྱིས་ལག་བསྟར་བྱས་ནས། དམག་དཔུང་དགོན་པར་འགྲོ་མི་ཆོག་པ་དང་། ལྷ་སྐུ་དང་མཆོད་གཤོམ་ལ་རེག་མི་ཆོག་ཅིང་། བོད་རིགས་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་འདྲིས་ལ་བརྩི་འཇོག་བྱ་དགོས་པའི་བླང་བྱ་བཏོན་པ་རེད། དམར་དམག་དཔུང་ཚོགས་སུམ་ཅུ་པ་ཁམས་བྱང་ཕྱོགས་ཀྱི་བོད་རིགས་ཡུལ་དཔོན་བྱ་རྒོད་སྟོབས་ལྡན་དང་འབྲེལ་བ་ཤིན་ཏུ་བཟང་ལ། ཕྱིས་སུ་བྱ་རྒོད་སྟོབས་ལྡན་ད་དུང་སུའུ་ཝེ་ཨེད་བོད་པ་སྲིད་གཞུང་གི་མགོ་ཁྲིད་པའི་གྲས་ཀྱི་གཅིག་ཏུ་གྱུར་པ་རེད།

ཤེས་རབ་ཉི་མས་བཤད་རྒྱུར། སྐབས་དེར་རང་བྱུང་ཆ་རྐྱེན་སྡུག་པ་དང་བོད་རིགས་མང་ཚོགས་དམར་དམག་ལ་དོགས་སྣང་ཤིན་ཏུ་ཆེ་བའི་གནས་ཚུལ་འོག་ཏུ། དམར་དམག་གིས་བོད་ཁུལ་དུ་སྤྱི་ཚོགས་གྲལ་རིམ་གྱི་འགལ་བ་དང་མི་རིགས་བར་གྱི་འགལ་འདུ་ཐག་གཅོད་ལེགས་པོ་བྱས་སོང་བ་ནི་རང་རེའི་ཏང་གི་ལོ་རྒྱུས་སྟེང་མི་རིགས་ཀྱི་གནད་དོན་འོས་མཐུན་གྱིས་ཐག་བཅད་པའི་ལག་ལེན་རླབས་པོ་ཆེ་ཐེངས་ཤིག་རེད།

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།