རྩྭ་ཐང་ཞན་འགྱུར་གྱི་གནས་ཚུལ་བཀག་འགོག་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་འཕེལ་རྒྱས་དེ་འཕེལ་ལམ་བཟང་པོར་ཞུགས་སུ་འཇུག་ཆེད། 2011ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་རྩྭ་སའི་ཞིང་ཆེན་གཙོ་བོ་བརྒྱད་ལ་ཁྱོན་ཡོངས་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་དང་བྱ་དགའ་སྤྲོད་པའི་ནང་རྐྱེན་བཙུགས། དེའི་ནང་དོན་གཙོ་བོ་ནི། ཚན་རིག་ལྟར་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བར་གཏན་འཁེལ་བྱེད་ཅིང་། ལུགས་དང་མཐུན་པའི་སྒོ་ནས་ཕྱུགས་བཀག་ཁ་གསབ་ཚད་གཞི་གཏན་འཁེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁ་གསབ་དང་ཐོན་སྐྱེད་རྒྱུ་ཆ་སྣ་ཚོགས་ཀྱི་ཁ་གསབ་དངོས་འབེབས་ནན་ཏན་བྱེད་པ། ཁ་གསབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་དང་ཕྱུགས་བསྐྱུར་རྩྭ་སྐྱོང་སོགས་སྲིད་ཇུས་བར་འབྲེལ་མཐུད་གང་ལེགས་བྱེད་པ་བཅས་རེད།
ལོ་ལྔའི་རིང་ལ། རྒྱལ་ཁབ་ཀྱིས་རིམ་བསགས་བྱས་ན་རང་ཞིང་གི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཐད་ཁ་གསབ་དང་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་གོ་བདུན་དང་བྱེ་བ་གསུམ་ས་ཡ་ལྔ་བཏང་ཞིང་། རོང་འབྲོག་པ་ཁྱིམ་ཚང་འབུམ་བདུན་དང་ཁྲི་ལྔ་སྟོང་གཉིས་ལྷག་ལ་ཁ་གསབ་དང་བྱ་དགའི་སྲིད་ཇུས་ཀྱི་ཁེ་ཕན་ཐོབ། སྲིད་ཇུས་དེ་རང་ཞིང་དུ་ལག་བསྟར་བྱས་རྗེས་རྩྭ་ཐང་འགན་གཙང་ལེན་བྱེད་པའི་འབྲེལ་བ་སྔར་ལས་ཇེ་བརྟན་དུ་སོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཤིང་། འབྲོག་པའི་ཡོང་སྒོ་ཇེ་མང་དུ་སོང་བ། རྩྭ་ཕྱུགས་བར་གྱི་འགལ་བ་ཇེ་ལྷོད་དུ་བཏང་སྟེ། རྩྭ་ཐང་གི་ཕྱུགས་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། རྩྭ་ཕྱུགས་དོ་མཉམ་ཡོང་བའི་ནང་རྐྱེན་ཐོག་མར་བཙུགས་ཏེ། མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་མངོན་འགྱུར་དང་ཕྱུགས་ལས་ཀྱི་ཕན་འབྲས་དང་འབྲོག་པའི་ཡོང་སྒོ་འཕར་བའི་ནུས་ལྡན་གྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཞན་འགྱུར་གྱི་རྩྭ་ཐང་དུ་མི་དང་རང་བྱུང་ཁམས་བར་འཆམ་མཐུན་ངང་འཕེལ་རྒྱས་དང་། ཕྱུགས་ལས་ཀྱི་ཕན་འབྲས་འཕར་བ། འབྲོག་པའི་ཡོང་སྒོ་ཇེ་མང་དུ་འགྲོ་བ་བཅས་ཕྱོགས་གསུམ་པོར་ཕན་པའི་དམིགས་འབེན་མངོན་འགྱུར་བྱུང་།
ཐོག་མའི་འཚོལ་ཞིབ་དང་གསར་འཛུགས་བྱེད་པ་ནས་ད་ལྟ་འཐུས་ཚང་དུ་བཏང་བའི་ཐད་ས་གནས་སོ་སོས་དོན་དངོས་དང་སྦྲེལ་ནས་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པར་ཞིང་ཆེན་ཡོངས་སུ་ཁྱད་ཆོས་དྲུག་མངོན་པ་སྟེ། གཅིག ཡུལ་བབ་དང་བསྟུན་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལག་ཏུ་བསྟར་བའི་འཆར་འགོད་གཏན་འབེབས་བྱས་པ། གཉིས། བྱེད་ཐབས་མང་པོ་སྤྱད་དེ་ཕྱུགས་འཚོ་བ་འགོག་པ་དང་ཕྱུགས་ཇེ་ཉུང་དུ་གཏོང་བ་དངོས་འབེབས་བྱེད་པ་ནན་འཛིན་བྱས་པ། གསུམ། ཐོན་ཁུངས་ཧྲིལ་བསྡུས་བྱས་ཏེ་གཟན་རྩྭའི་ཐོན་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ། བཞི། ཐོག་མར་ཚོད་ལྟ་བྱས་ཏེ་ལས་ཆོད་དོ་དམ་ཚོད་ལྟ་བྱས་པ། ལྔ། གསར་སྐྲུན་འཚོལ་ཞིབ་བྱས་ཏེ་ཞིབ་བཤེར་ལྟ་སྐུལ་དང་དོ་དམ་ནང་རྐྱེན་འཐུས་ཚང་དུ་བཏང་བ། དྲུག རིམ་བགྲོད་གོང་སྤེལ་བྱས་ནས་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་བ།
ཁ་གསབ་དང་བྱ་དགའ་སྤྲོད་པའི་ནང་རྐྱེན་དང་སྲིད་ཇུས་དངོས་འབེབས་བྱས་པས། རྒྱ་ཆེའི་འབྲོག་པ་ཁྱིམ་ཚང་ལ་ཡུན་རིང་དང་གཏན་འཇགས་ངང་རྩྭ་ཐང་བཀོལ་སྤྱོད་ཀྱི་དབང་ཆ་སྤྲད་ཅིང་། རྒྱ་ཆེའི་འབྲོག་པའི་རྩྭ་ཐང་སྲུང་སྐྱོབ་དང་ལུགས་མཐུན་གྱིས་རྩྭ་ཐང་བེད་སྤྱོད་པའི་བདག་པོའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་ལྡན་བྱས་པར་མ་ཟད། རྩྭ་ཐང་འགན་ལེན་བདག་གཉེར་བྱེད་པའི་འབྲེལ་བའང་ཡུན་རིང་པོར་གཏན་འཇགས་ཡོང་བར་ཁག་ཐེག་བྱས།
དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་བྱ་དགའ་དང་ཁ་གསབ་སྤྲོད་པའི་ནང་རྐྱེན་དང་སྲིད་ཇུས་ལག་བསྟར་མ་བྱས་སྔོན་རྫོང་མང་ཤོས་ཀྱི་རྩྭ་སའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་ཇེ་ཉུང་དུ་སོང་བ་དང་། ལག་བསྟར་བྱས་རྗེས་རྩྭ་སའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་ཇེ་ཆེར་འགྲོ་བའི་འཕེལ་ཕྱོགས་མངོན། མངོན་ཚུལ་གཙོ་བོ་ནི་ཐང་སྟོང་ཅན་གྱི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་དང་། ས་ནག་རིགས་ཀྱི་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་མ་ལག་ཁ་ཤས་ཤིག་བཟང་བའི་ཕྱོགས་སུ་འགྱུར་བཞིན་ཡོད་ཅིང་། རྩྭ་སའི་སྐྱེ་ཁམས་མ་ལག་ཞན་འགྱུར་གྱི་གནས་ཚུལ་ལ་བཀག་འགོག་ངེས་ཅན་ཐོབ་པ་དང་། ཞན་འགྱུར་རྩྭ་ས་སླར་གསོ་འབྱུང་བཞིན་ཡོད།
ཁ་གསབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་པའི་ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་ཕྱུགས་རྩྭའི་སོན་བཟང་གསོ་སྤེལ་རྟེན་གཞིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་དང་སྟོང་གཉིས་སུམ་བརྒྱ་ལ་སླེབས་པ་དེ2010ལོ་དང་བསྡུར་ན་བརྒྱ་ཆའི་གྱ་བརྒྱད་འཕར་ཡོད། རྩྭ་བཏབ་པའི་རྒྱ་ཁྱོན་སྤྱི་ཆིང་འབུམ་ལྔ་དང་ཁྲི་གཅིག་སྟོང་དགུ་སུམ་བརྒྱ་ལ་སླེབས་པ་དེ2010ལོ་དང་བསྡུར་ན་བརྒྱ་ཆའི་རེ་བརྒྱད་འཕར་ཡོད། ལོ་རེར་སྔོ་རྩྭ་སྤྱི་རྒྱ་དུང་ཕྱུར་ཞེ་གཉིས་དང་བྱེ་བ་བཞི་ས་ཡ་དྲུག་ཐོན་སྐྱེད་བྱེད་ཐུབ། བསྡོམས་པས་ཕྱུགས་སྤྱིལ་ཁང་ཁྲི་ལྔ་དང་སྟོང་གཉིས་སུམ་བརྒྱ་ཞེ་བདུན་ལས་པ་དང་། རིམ་བསགས་བྱས་ན་ཕྱུགས་སྤྱིལ་ཁང་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་ལྔ་བརྒྱ་ལྷག་ལས། དེ2010ལོའི་སྔོན་དང་བསྡུར་ན་བརྒྱ་ཆའི་གྱ་གཉིས་འཕར་ཡོད།
ཁ་གསབ་དང་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་རྗེས། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་སྔོན་དཔག་བྱས་པ་ལྟར་ན། 2015ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ནོར་ལུག་འཚོ་གསོའི་བསྡོམས་གྲངས་སོ་སོར་ལུག་ལྟར་བརྩིས་ན་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་གཉིས་ཁྲི་གསུམ་སྟོང་གསུམ་དང་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་དགུ་ཁྲི་བདུན་སྟོང་དགུ་ལ་སླེབས་པས། 2010ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་གཅིག་དང་གྲངས་ཆུང་བཞི་འཕར། ནོར་ལུག་གསོ་ཚད་ལུག་ལྟར་བརྩིས་ན་སོ་སོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་གཅིག་སྟོང་དྲུག་དང་ས་ཡ་བཞི་དང་འབུམ་ལྔ་ཁྲི་གཉིས་སྟོང་དགུ་ལ་སླེབས། ནོར་ལུག་གསོ་ཚད2010ལོ་དང་བསྡུར་ན་སོ་སོར་བརྒྱ་ཆའི་ཉེར་དགུ་གྲངས་ཆུང་བཞི་དང་བརྒྱ་ཆའི་རེ་གཉིས་དང་གྲངས་ཆུང་གཅིག་འཕར་ཡོད།
དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྱིམ་ཚང་འབུམ་བདུན་དང་ཁྲི་དྲུག་སྟོང་ལྔ་ལྷག་གིས་སྲིད་ཇུས་ཀྱི་ཁ་གསབ་ལོངས་སྤྱོད་བྱས་པ་དང་། ཆ་སྙོམས་བྱས་ན་མི་རེའི་ལོ་རེར་ཡོང་སྒོ་སྒོར་སྟོང་གཅིག་ལྔ་བརྒྱ་གྱ་བརྒྱད་འཕར། དེའི་ནང་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རོང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་ལོ་རེར་བརྒྱ་ཆའི་བཅུ་བཞི་དང་གྲངས་ཆུང་དགུ་འཕར། དཔེར་ན། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན། 2010ལོའི་མི་རེའི་ཆ་སྙོམས་ཕྱུགས་ལས་ཡོང་སྒོ་སྒོར་སྟོང་གཉིས་ལྔ་བརྒྱ་གོ་གསུམ་ཡིན་པ་དང་། ལོ་རེར་ཆ་སྙོམས་བྱས་ན་ཁ་གསབ་ཡོང་སྒོ་སྒོར་སྟོང་གཉིས་ལྔ་བརྒྱ་དོན་བརྒྱད་ལ་སླེབས། ཡོང་སྒོ་དེ་གཉིས་ལོ་རེར་ཆ་སྙོམས་བྱས་ན་སྒོར་སྟོང་ལྔ་བརྒྱ་དང་དོན་གཅིག་ལ་སླེབས་པ་དང་། སྲིད་ཇུས་ལག་བསྟར་མ་བྱས་པའི་སྔོན་གྱི་ཕྱུགས་ལས་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཅིག་བརྒྱད་བརྒྱ་ཞེ་གཅིག་དང་བསྡུར་ན་ལྡབ་གཉིས་དང་གྲངས་ཆུང་བརྒྱད་འཕར་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།