ཆུ་དམར་ལེབ་རྩྭ་ཐང་དུ“ནོར་བཅོལ་ཁང”དར་བ།
2017.01.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

2015ལོར་བཙུགས་པའི་ཆུ་དམར་ལེབ་རྫོང་ཡོས་གི་གྲོང་རྡལ་སྐེད་ཆེན་སྡེ་བའི་རྫོང་དེའུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་འབྲོག་པ་རྣམས་ཀྱིས“ནོར་བཅོལ་ཁང”ཞེས་འབོད་ཀྱིན་ཡོད། མཉམ་ལས་ཁང་གིས་དེའི་ནང་དུ་ཞུགས་པའི་འབྲོག་པ་ཁྱིམ་ཚང་ཞེ་ལྔ་ཡི་ནོར་ལུག་དང་རྩྭ་ས་མཉམ་ལས་ཁང་གི་ནང་དུ་བསྡུས་ནས་གཅིག་གྱུར་གྱིས་འཚོ་སྐྱོང་དང་དོ་དམ་བྱེད་ཀྱིན་ཡོད་ལ། དོ་དམ་དུ་བཅོལ་བའི་གྲོས་གཞི་བཞག་སྟེ། མ་རྐང་ལྟར་ཁེ་སྤོགས་བགོས། མིག་སྔར་མཉམ་ལས་ཁང་གིས་ནོར་གནག་སྟོང་གཅིག་ལྔ་བརྒྱ་དང་འབྲོག་ལུག་སྟོང་གཉིས་དང་ཉིས་བརྒྱ་བརྒྱད་ཅུ་གཅིག་གྱུར་གྱིས་དོ་དམ་བདག་གཉེར་བྱེད་བཞིན་ཡོད།

“ནོར་བཅོལ་ཁང”གི་ནུས་པ་ནི་ངལ་རྩོལ་ནུས་ཤུགས་བཅིངས་འགྲོལ་དང་ཡོང་སྒོ་ཇེ་མང་དུ་གཏོང་བ་ཁོ་ན་ཙམ་མ་ཡིན། རྫོང་དེའུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་པ་བཀྲ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། སྔོན་ཆད་ཀྱི་སྲོལ་རྒྱུན་ཕྱུགས་འཚོ་ཐབས་ཀྱིས་འབྲོག་པ་རྣམས་ལ་རྩྭ་ས་དོ་དམ་བྱེད་དཀའ་བར་བཏང་ཡོད་པ་དང་། ཟླ་རེ་རེར་ནོར་ལུག་གི་གཟན་རྩྭར་སེམས་ཁུར་བྱེད་དགོས། ད་ལྟ་མཉམ་ལས་ཁང་གིས་འབྲོག་པ་རྣམས་མཉམ་དུ་བསྡུས་པས། ནོར་ལུག་དོ་དམ་བྱེད་བདེ་བ་དང་། རྩྭ་ས་ཡང་ཇེ་བཟང་དུ་སོང་བ་དང་ཡོང་སྒོ་ཁག་ཐེག་བྱས་ཡོད་པར་མ་ཟད། ད་དུང་ཕྱུགས་འཚོ་བའི་ཐད་བྱུང་བའི་རྩོད་གླེང་ཡང་མེད་པར་བཟོས་པས། མཉམ་ལས་ཁང་དེ་དབང་ཆ་དང་འགན་ཁུར། ཁེ་སྤོགས་བཅས་མཉམ་དུ་ཁུར་པའི་ཕྱུགས་ལས་དོ་དམ་མ་ལག་ཅིག་ཏུ་གྱུར་ཡོད། 2015ལོར་ཚོང་གཉེར་དོ་དམ་གྱི་རྣམ་པ་བསྒྱུར་རྗེས། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ལྟར་བརྩིས་ན་ལོ་རེར་སྒོར་སྟོང་ལྔ་དང་ཉིས་བརྒྱ་དོན་གསུམ་འབབ་རྒྱུ་ཡོད།

སྔོན་ཆད་ཕྱུགས་ཟོག་ས་ཡ་ལྷག་ཡོད་པའི་ཕྱུགས་ལས་རྫོང་ཆེན་ཞིག་ཡིན་པའི་ཆུ་དམར་ལེབ་རྫོང་ལ་མཚོན་ན་ལོ་ལྔ་ཙམ་རེའི་ནང་རང་བྱུང་གནོད་འཚེ་ཚབས་ཆེན་ཐེངས་རེ་དང་ལོ་གསུམ་རེའི་ནང་གནོད་འཚེ་འབྲིང་ཙམ་ཐེངས་རེ། གནོད་འཚེ་ཆུང་བ་ལོ་རེ་རེར་འབྱུང་བའི་དཀའ་ངལ་ལ་ཐུག་ཡོད་པས། འབྲོག་པའི་དཔལ་འབྱོར་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཐེབས་འདུག རྫོང་དེའུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལེགས་ཆ་གཞན་ཞིག་ནི་གནོད་འགོག་ཕྱུགས་སྐྱོང་དང་། ཕྱུགས་ནད་འགོག་བཅོས། ཚོང་གཉེར་དོ་དམ་བཅས་གཅིག་གྱུར་བྱས་ཏེ། མཉམ་ལས་ཁང་གིས་འབྲོག་པ་རེར་ཉེན་ཁ་འགོག་སྲུང་གི་གན་རྒྱ་བཞག་པས། གལ་ཏེ་གངས་གནོད་དང་རིམས་ནད་སོགས་བྱུང་ན། ཐུན་མོང་གིས་གསོས་པའི་ནོར་ལུག་གི་ཁེ་ཕན་ཕྱེད་ཀ་ཙམ་གྱིས་འབྲོག་པར་ཁ་གསབ་བྱས་ནས། རྗེས་མཐུད་འཕེལ་རྒྱས་སྟེང་བཀོལ་བ་དང་། ཕྱེད་ཀ་གཞན་པ་མཉམ་ལས་ཁང་གིས་དོ་དམ་བྱས། ད་དུང་དབུལ་སྐྱོར་རོགས་སྐྱོར་མ་དངུལ་ལས་སྐྱེ་རན་འབྲི་མོ་བརྒྱ་དང་ང་ལྔ་དང་སྐྱེ་རན་མ་མོ་ཉིས་བརྒྱ་བརྒྱད་ཉོས་ནས་མཉམ་ལས་ཁང་དུ་བཞག་སྟེ་འབྲོག་པའི་ཕྱུགས་ཟོག་གི་ཐུན་མོང་ཉེན་འགོག་ཚོད་འཛིན་ཚོང་གཉེར་བྱས།

འབྲོག་པས་ནོར་ལུག་དང་རྩྭ་ས“ནོར་བཅོལ་ཁང”དུ་བཞག་རྗེས། འབྲོག་པས་བྱ་བ་ཅི་ཞིག་ལས་ཀྱིན་ཡོད་དམ་ཞེ་ན། གསར་འགོད་པས་ཆུ་དམར་ལེབ་རྫོང་མཁར་ནས་དེའི་ལན་རྙེད་པ་སྟེ། ཆུ་དམར་ལེབ་རྫོང་ཁམས་མདོ་ནོར་རྩེ་བོད་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་ཀུང་སིའི་ལས་སྣོན་འཁོར་ཁང་ནང་ནོར་བུ་རྒྱལ་མཚན་གྱིས་བློ་གཅིག་སེམས་གཅིག་གིས་གྲི་ལས་བཞིན་འདུག ལན་རེར་མེར་བསྲེགས་པ་དང་ལན་རེར་ཐོ་བས་བརྡུངས་པ། ལན་རེར་ད་དུང་དགེ་རྒན་ཡོང་ནས་མཛུབ་ཁྲིད་བྱེད་བཞིན་ཡོད།

ན་ནིང་། ནོར་བུ་རྒྱལ་མཚན་གྱིས་རང་ཚང་གི་ནོར་ལུག“ནོར་བཅོལ་ཁང”དུ་སྤྲད་རྗེས། རྫོང་མཁར་དུ་སོང་ནས་བཟོ་རྩལ་སྦྱངས། ནོར་བུ་རྒྱལ་མཚན་དང་ཐོག་ཡོང་དུས་ཅི་ཡང་ལས་མི་ཤེས་མོད། ཡུད་ཙམ་ལ་སློབ་སྦྱོང་བྱས་རྗེས། བཟོ་རྩལ་ལ་དགའ་བར་གྱུར། ད་ལྟ་ད་རུང་ཟླ་ཕོགས་མེད་ནའང་། སང་ལོར་སློབ་མཐར་ཕྱིན་རྗེས་རང་གིས་ཚོང་ཁང་གཉེར་ནས་ཡོང་སྒོ་བཙལ་ཆོག་ཅེས་བཤད།

ཆུ་དམར་ལེབ་རྫོང་དུ་ད་དུང་ནོར་བུ་རྒྱལ་མཚན་ལྟ་བུའི་མི་མང་པོ་ཡོད། ཁོ་ཚོས་ཁ་ཤས་ཀྱིས་ཚེམ་བཟོ་སྦྱོང་བ་དང་ཁ་ཤས་ཀྱིས་སྐྲ་བཞར་ལག་རྩལ་སྦྱོང་བཞིན་ཡོད། དབུལ་སྐྱོར་གསར་སྤེལ་དང་རྗེས་མཐུད་ཐོན་ལས་སྐྱེད་སྲིང་སོགས་བྱ་བ་དང་སྦྲེལ་ནས་སྐྲ་བཞར་དང་ཚ་ལ་རྒྱག་པ། གསེར་དངུལ་བཟོ་རྩལ་སོགས་རོང་འབྲོག་པའི་ནུས་རྩལ་སྐྱེད་སྲིང་བྱས་པས། སྡེ་བ་བཅུ་དགུ་ཡི་དབུལ་ཕོངས་རོང་འབྲོག་པ་བརྒྱ་དང་སུམ་ཅུ་ལ་ཕན་ཐོགས་སོང་། །

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།