མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ལ་མཚོན་ན་རོང་འབྲོག་མང་ཚོགས་མཁར་གྲོང་དུ་ཡོང་ནས་གཏན་སྡོད་བྱེད་པ་དེ་ནི་གནས་སྟངས་གསར་བ་ཞིག་མིན་ལ། ས་ཁུལ་འདི་ནའང་ཞོར་ལས་གཉེར་བཞིན་པའི་རོང་འབྲོག་མང་ཚོགས་དང་སློབ་མའི་སློབ་སྦྱོང་ལ་རོགས་འདེགས་བྱེད་པའི་ཁྱིམ་བདག རོང་འབྲོག་ས་ཁུལ་གྱི་ལོ་ལོན་བདག་མེད་བཅས་ལ་སོ་སོར་རང་སེམས་ན་མཁར་གྲོང་དུ་འདུག་འདོད་པའི་འདུན་པ་ཡོད་པ་དང་། མཁར་གྲོང་དུ་ཡོང་ནས་གཏན་སྡོད་བྱེད་པ་དེ་ནི་ཁོ་ཚོ་དབུལ་ཐར་ཕྱུག་བསྒྱུར་དང་རང་སྟེང་ནས་འཕེལ་རྒྱས་སུ་གཏོང་བར་འབྲེལ་བ་དམ་པོ་ཡོད་པ་ལས་གཞན་ད་དུང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་སྔར་ལས་ལྷག་པར་ཇེ་མགྱོགས་སུ་གཏོང་བ་དང་། མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་དང་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ལའང་འབྲེལ་བ་དམ་པོ་ཡོད།
རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ནས་འགན་སྲུང་ལམ་ལུགས་ཆ་ཚང་བར་དང་རོང་འབྲོག་པའི་རྗེས་ཕྱོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་མཁར་གྲོང་དུ་གཏན་སྡོད་བྱེད་ཐུབ་མིན་སོགས་ནི་སྙོག་འཛིང་ཆེ་བའི་བཟོ་སྐྲུན་རྒྱུད་རིམ་ཞིག་ཡིན་པ་དང་། མཚོ་ལྷོ་ཁུལ་གྱི་ཞིན་ཧེ་རྫོང་ལ་མཚོན་ནའང་གོང་གསལ་གྱི་གནས་ཚུལ་འདི་རིགས་གནས་ཡོད་པ་དང། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོར་བཟོ་སྐྲུན་དང་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པའི་གཏན་སྡོད་བཟོ་སྐྲུན། དབུལ་སྐྱོར་ཁྱིམ་ཚང་ས་གནས་གཞན་ལ་གནས་སྤོར་བ་སོགས་དམངས་ཚིས་ལས་གཞིའི་བཟོ་སྐྲུན། མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་བཀོད་སྒྲིག་ཁྲོད་བཅོས་སྒྱུར་ཐབས་ལམ་མང་པོ་སྤྱད་པས་རྫོང་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་མི་གྲངས་ལྟར་ཕན་ནུས་ལྡན་པའི་སྒོ་ནས་གནས་སྤར་གཏན་སྡོད་བྱས་ཡོད། མཁར་གྲོང་གི་མི་གྲངས་མགྱོགས་མྱུར་ངང་ཇེ་མང་དང་མཁར་གྲོང་ཅན་གྱི་གོམ་སྟབས་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གིས་ཀྱང་མཁར་གྲོང་དུ་སྡོད་པའི་རོང་འབྲོག་པའི་སྤྱི་ཚོགས་དོ་དམ་བྱེད་སྟངས་དང་། མཁར་གྲོང་དུ་སྡོད་པའི་རོང་འབྲོག་པ་སྡོད་སའི་ཁོར་ཡུག་ལེགས་བཅོས་དང་ཡོང་སྒོ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་པ་སོགས་ལ་ཡང་གསར་གཏོར་བྱེད་མགོ་བརྩམས།
འདི་ལྟར་རེ་རེ་བཞིན་ཚོད་ལྟ་དང་མུ་མཐུད་དུ་ལེགས་བཅོས་བྱས་པ་བརྒྱད་ནས་ཁོ་ཚོར་གསལ་རྟོགས་བྱུང་བ་ནི་རོང་འབྲོག་པ་མཁར་གྲོང་དུ་ཡོང་ནས་གཏན་སྡོད་བྱེད་པར་སྲིད་གཞུང་གི་ཁྲིད་སྟོན་དང་འབྲལ་ཐབས་མེད་པ་དང་། སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིད་སྟོན་བྱས་ན། ད་གཟོད་རོང་འབྲོག་པའི་ཧུར་བརྩོན་རང་བཞིན་ལ་ཕྱོགས་ཡོངས་ནས་ཡར་སྐུལ་བྱེད་ཐུབ་པར་མ་ཟད། རོང་འབྲོག་པ་མཁར་གྲོང་དུ་ཡོང་ནས་གཏན་སྡོད་བྱེད་པ་དེ་མང་ཚོགས་རང་སྟེང་གི་བྱ་སྤྱོད་ཅིག་ཏུ་འགྱུར་ངེས་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྤོར་སྡོད་དམངས་དང་རྩྭ་ཆུར་སྙེག་ནས་ཕྱུགས་འཚོ་བའི་འབྲོག་པའི་སྡོད་གནས། ས་གཞན་ལ་དབུལ་སྐྱོར་རང་བཞིན་གྱིས་གནས་སྤོར་བ། རོང་འབྲོག་པའི་ཚན་རིག་ལག་རྩལ་གསོ་སྦྱོང་་དང་མཁར་གྲོང་གི་འགན་སྲུང་སྡོད་ཁང་སོགས་དམངས་ཚིས་ལས་གཞིའི་བཟོ་སྐྲུན་ལ་ཕན་ནུས་ལྡན་པའི་སྒོ་ནས་ཧྲིལ་བསྡུས་བྱེད་ཐུབ་ལ། དེ་ལྟར་བྱས་ན་ད་གཟོད་སྡོད་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འགན་སྲུང་གི་བྱེད་ནུས་ཆ་ཚང་ཞིང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་ཡོང་བ། རྗེས་ཕྱོགས་ཀྱི་ཐོན་ལས་གོ་རིམ་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་ཐུབ་པ་ལས་གཞན་མཁར་གྲོང་དུ་སོང་ནས་རོང་འབྲོག་པ་གཏན་སྡོད་བྱེད་ཐུབ་པ་མ་ཟད། ད་དུང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐུབ་ངེས་ཡིན།
སྤྱིར་ན་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ་བརྗོད་འོས་པ་ཞིག་ནི་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གི་བཅོས་སྒྱུར་གྱི་སྙིང་སྟོབས་དང་གསར་གཏོད་ཀྱི་བསམ་ཕྱོགས་དེ་ཡིན་ལ། སྔར་ལས་ལྷག་པས་བསམ་བློ་བཅིངས་འགྲོལ་དང་ལྟ་སྟངས་ལེགས་བཅོས། བསམ་ཕྱོགས་གཅིག་གྱུར་སྒོས་དོན་དངོས་ཀྱི་བྱ་སྤྱོད་དང་བྱ་བ་སྒྲུབ་ཕོད་པའི་སྙིང་སྟོབས་ཀྱིས་བྱ་པའི་སྟེང་གི་དཀའ་ཁག་དང་གནོད་ཤུགས་ཡོད་ཚད་སྒུལ་ཤུགས་སུ་བསྒྱུར་ན་ད་གཟོད་རོང་འབྲོག་པ་མང་ཚོགས་ཀྱི་འདོད་བློ་མངོན་འགྱུར་བྱེད་ཐུབ་ངེས་ཡིན།
ལོ་ཙཱ། བསོད་ནམས་ལྷ་མོ།