ཞིང་ཕྱུགས་ལས་ཀྱི་རྣམ་པ་མགྱོགས་མྱུར་སྒོས་བསྒྱུར་ཏེ། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས།
2017.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ད་ལོའི་ཚུན་དུ་རང་ཞིང་གིས་ཞིང་ཆེན་གྱི་གནས་བབ་དང་ཞིང་ལས་ཀྱི་གནས་ཚུལ་ལ་གཞིར་བཟུང་ནས། ཚོང་རའི་དགོས་མཁོ་ཁ་ཕྱོགས་སུ་བྱེད་པ་དང་། སྤུས་ཚད་དང་ཕན་འབྲས་མཐོ་བ་གཞི་རྩ་བྱས་ནས། ཤུགས་ཆེན་པོས་ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་བཅོས་བསྒྱུར་བྱས་ཏེ། ནུས་ཤུགས་ཡོད་དགུས“གྲུབ་ཚུལ་ལེགས་སྒྲིག་དང་རྣམ་པ་བསྒྱུར་བ། སྤུས་ཀ་མཐོར་འདེགས། གཞི་ཁྱོན་ལ་མཐོང་ཆེན། མཉམ་འདྲེས་ལ་སྐུལ་སྤེལ། དངུལ་གཏོང་ཇེ་མང་། མི་འདང་ས་ཁ་གསབ། གསོན་ཤུགས་ཇེ་དྲག”བཅས་ཀྱི་བྱེད་ཐབས་བརྒྱད་སྤྱད་དེ། ཞིང་ཕྱུགས་ལས་དཔལ་འབྱོར་གྱི་རྣམ་པ་བསྒྱུར་བར་བརྟན་བརླིང་ངང་སྐུལ་འདེད་བཏང་བས། རོང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་སྤེལ་གང་ལེགས་བྱས། ཟླ་དགུ་བའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་སྒོར་སྟོང་ལྔ་དགུ་བརྒྱ་ང་བདུན་དུ་སླེབས་པས། ན་ནིང་གི་དུས་མཉམ་ལས་སྒོར་ལྔ་བརྒྱ་ཉི་ཤུ་འཕར་སྣོན་བྱུང་ཡོད་པ་དང་། བརྒྱ་ཆའི་དགུ་དང་གྲངས་ཆུང་ལྔ་འཕར་ཡོད།

ནུས་ཤུགས་ཡོད་དགུས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ།
ད་ལོའི་ཚུན་ལ། རང་ཞིང་གིས་ཞིང་ཕྱུགས་ཟུང་འབྲེལ་བྱེད་པའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། འདེབས་འཛུགས་ཀྱི་གྲུབ་ཚུལ་དང་ཐོན་རྫས་ཀྱི་གྲུབ་ཚུལ། ས་ཁོངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་ནས། ཟི་ལིང་དང་མཚོ་ཤར་གཞི་གཅིག་ཡིན་པའི་ཤར་ཕྱོགས་ཀྱི་ཁྱད་ལྡན་འདེབས་འཛུགས་ཀྱི་ཕན་ནུས་མཐོ་བའི་དཔེ་སྟོན་ས་ཁུལ་དང་། མཚོ་བྱང་དང་མཚོ་ནུབ། མཚོ་ལྷོ་བཅས་གཙོར་ཡིན་པའི་མཚོ་སྐོར་ཞིང་ཕྱུགས་འཁོར་སྐྱོད་འཕེལ་རྒྱས་སྔོན་སྐྱོད་ས་ཁུལ་དང་། མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁུལ་གསུམ་གཙོར་ཡིན་པའི་མཚོ་སྔོན་ལྷོ་ཕྱོགས་ཀྱི་སྐྱེ་ཁམས་ལྷད་མེད་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ས་ཁུལ་དང་རྨ་ཆུའི་ཆུ་འཁྱག་གསོ་སྤེལ་གསར་སྤེལ་རྒྱུད་ལེགས་བཟོ་བྱས། “གསོ་བའི་དོན་དུ་འདེབས་པ་དང་ལུགས་མཐུན་སྒོས་ས་བོན་བསྒྱུར་བ”རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འདེབས་འཛུགས་གྲུབ་ཚུལ་ཁྲོད་གཟན་རྩྭ་དང་མ་རྨོས་ལོ་ཏོག སྔོ་ཚོད་བཅས་ཀྱི་རྒྱ་ཁྱོན་བརྟན་བརླིང་ངང་གོང་དུ་སྤེལ་བ་དང་། སྣུམ་རྒྱུ་དང་ཞོག་ཁོག སྲན་མ་སོགས་ཀྱི་རྒྱ་ཁྱོན་འོས་མཐུན་གྱིས་ཇེ་ཉུང་དུ་བཏང་།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་ཀྲང་ཧོང་ཡོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར་རང་ཞིང་གིས་སྔ་རྗེས་སུ་ཧོང་ཡོན་དང་ཧུའུ་ཀྲུའུ། མིན་ཡོན་བཅས་རྫོང་གསུམ་དུ་འབྲུ་རིགས་གཟན་ཆས་དུ་བསྒྱུར་བའི་ཚོད་ལྟ་བྱས། ཧོང་ཡོན་དང་ཀོས་ནན་སོགས་རྫོང་དྲུག་ཏུ་རྩྭ་ལས་ཚོད་ལྟའི་བྱ་བ་སྤེལ། ཚོད་ལྟའི་རྫོང་དུ་ཚད་གཞི་མཐོ་བའི་གཟན་རྩྭའི་རྟེན་གཞི་སྤྱི་ཆིངས་ཁྲི་བཞི་དང་སྟོང་གཉིས་སུམ་བརྒྱ་དང་། ཕྱུགས་སྤྱིལ་ཁང་བ་མུས་གྲུ་བཞི་ཁྲི་གསུམ་དང་སྟོང་བཞི་ཉིས་བརྒྱ། གཟན་རྩྭ་གསོག་འཇོག་བྱེད་ས་མུས་གྲུ་བཞི་མ་ཁྲི་དགུ། རང་བྱུང་རྩྭ་ས་སྤྱི་ཆིངས་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱ་ལེགས་བསྒྱུར་བྱས་པས། འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག གཟན་ཆས་སོགས་མཐུན་སྦྱོར་ངང་གོང་དུ་འཕེལ་བ་དང་འདེབས་གསོ་གྲུབ་ཚུལ་དོ་མཉམ་ཡིན་པའི་རྣམ་པ་མངོན་འགྱུར་བྱུང་།

རྣམ་པ་བསྒྱུར་བའི་བྱེད་ཐབས་སྤྱད་ནས་ཕན་འབྲས་འཕར་སྣོན་འབྱུང་བར་སྐུལ་འདེད་བྱས།
རྒྱུས་ལོན་པ་ལྟར་ན། 2016ལོར་ཞིང་ཆེན་ཡོངས་སུ་བེད་མེད་དངོས་བོ་ཇེ་ཉུང་དུ་གཏོང་བ་དང་གནོད་མེད་ཐག་གཅོད་བྱེད་པ། ཐོན་ཁུངས་ཅན་དུ་བེད་སྤྱོད་པ། ཞིང་ལས་ལོ་ཏོག་གི་སོག་མ་ལས་སྣོན་བྱས་ཏེ་བེད་སྤྱོད་པའི་ཚད་ཏུན་འབུམ་བདུན་ལྷག་ཏུ་སླེབས་པ་དང་། ཕྱོགས་བསྡུས་བེད་སྤྱོད་ཚད་བརྒྱ་ཆའི་ལྔ་བཅུའི་ཡན་དུ་སླེབས་ཡོད་ལ། སྐྱེ་ལྡན་ལུད་རྫས་ལས་སྣོན་ཁེ་ལས་བདུན་ནང་འདྲེན་བྱས་ཏེ། ལོ་གཅིག་གི་ནང་ཏུན་འབུམ་གསུམ་དང་ཁྲི་གཅིག་ལས་སྣོན་བྱེད་ཐུབ་པ་མ་ཟད། སྔ་རྗེས་སུ་རྒྱལ་ཡོངས་ནས་ནོར་ལུག་གི་ལྕི་བ་གནོད་མེད་ཐག་གཅོད་སྒྲིག་ཆས་གསར་སྤེལ་བྱས། མིག་སྔར། ཞིང་ཆེན་ཡོངས་ཀྱི་གསོ་སྤེལ་ར་བ་བརྒྱ་དང་གྱ་གསུམ་དུ་རྫབ་རླངས་ཕྱོགས་བསྡུས་བེད་སྤྱོད་བཟོ་སྐྲུན་འཛུགས་སྐྲུན་བྱས་པ་དང་། གསོ་སྤེལ་ར་བ་སུམ་བརྒྱ་རུ་ལྕི་བ་གནོད་མེད་དུ་གཏོང་བའི་ཆ་ཚང་སྒྲིག་ཆས་བཙུགས་ལ། གསོ་སྤེལ་ར་བ་དགུ་བརྒྱ་རུ་སྐྱུར་བསྙལ་གཟན་ཆས་ཐག་གཅོད་ར་བ་བཙུགས་པས། ལྕི་བ་གནོད་མེད་དུ་གཏོང་བའི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་བྱས་ཚད་བརྒྱ་ཆའི་ལྔ་བཅུའི་ཡན་དུ་སླེབས་ཡོད།

ཁྱད་པར་དུ། འགྱིག་ཤོག་བཀབ་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་བེད་མེད་འགྱིག་ཤོག་ཕྱིར་བསྡུ་བའི་ལས་གཞི་མཉམ་དུ་ལག་བསྟར་བྱས་ཏེ། ཞིང་ཁའི་བེད་མེད་འགྱིག་ཤོག་ཕྱིར་བསྡུའི་ཚད་བརྒྱ་ཆའི་བརྒྱད་ཅུ་ལ་སླེབས་པ་དང་། སྔོན་ལོ་ལས་བརྒྱ་ཆའི་གྲངས་ཐིག་ལྔ་ཇེ་མཐོར་སོང་ཡོད། དེ་དང་ཆབས་ཅིག ལུད་རྫས་དང་ཞིང་སྨན་མ་རྩ་ལྟར་བཀོལ་སྤྱོད་བྱེད་དུ་བཅུག་པས། བཀོལ་སྤྱོད་བྱས་ཚད་བརྒྱ་ཆའི་སོ་གཉིས་སུ་སླེབས་ཡོད་པ་དང་། སྔོན་ལོ་ལས་བརྒྱ་ཆའི་གྲངས་ཐིག་གཉིས་ཀྱི་ཇེ་མང་དུ་སོང་། ཞིང་སྨན་བཀོལ་ཚད་ཏུན་སྟོང་གཅིག་བཞི་བརྒྱ་རུ་སླེབས་ཡོད་པ་དང་། སྔོན་ལོ་ལས་ཏུན་གྱ་གཉིས་ཀྱིས་ཇེ་ཉུང་དུ་སོང་ཡོད།

མིང་གྲགས་ཐོན་རྫས་ལེགས་བཟོ་བྱས་ཏེ་སྤུས་ཚད་མཐོར་འདེགས་སུ་བཏང་བ།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་ཧུར་ཐག་སྒོས་ཞིང་ཕྱུགས་ལས་ཚད་ལྡན་ཅན་གྱི་དག་གཙང་ཐོན་སྐྱེད་ལ་སྐུལ་འདེད་བྱས་པས། བསྡོམས་པས་ཞིང་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ཉེར་གཉིས་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་རྫོང་བཅུ་བཙུགས། རྫོང་བཅུ་གཅིག་ཏུ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་ཚོད་ལྟའི་གནས་བསྐྲུན་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སུམ་ཅུ་ལྷག་གསོ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་ཞོག་ཁོག་དང་ལོག་དཀར་ཐོན་སྐྱེད་རྟེན་གཞི་དེ་རྒྱལ་ཡོངས་ཀྱི་ལྷད་མེད་ཟས་རིགས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་རུ་གཏན་འཁེལ་བྱས་པ་དང་། རྒྱ་ཁྱོན་སྤྱི་ཆིང་བརྒྱ་དང་གྲངས་ཆུང་ལྔ་ལྷག་ཡོད། མདོ་ལ་རྫོང་གི་སྤྱི་ཆིང་བརྒྱ་དང་གསུམ་ཡོད་པའི་རྩྭ་ས་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ནོར་གནག་དང་བོད་ལུག་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་རུ་གཏན་འཁེལ་བྱས།

མིག་སྔར་ཞིང་ཆེན་ཡོངས་སུ་ནུས་ལྡན་སྒོས་བེད་སྤྱད་པའི“མཚོན་རྟགས་གསུམ་དང་ཐོན་རྫས་གཅིག”གི་མཚོན་རྟགས་ཀྱི་ཐོན་རྫས་ལྔ་བརྒྱ་དང་དྲུག་ཏུ་སླེབས་པ་དང་། ལྷད་མེད་ཟས་རིགས་ལོ་རེར་ཏུན་འབུམ་བདུན་དང་ཁྲི་ལྔ་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ཆུ་འཁྱག་གསོ་སྤེལ་དཔེ་སྟོན་ར་བ་འཛུགས་པའི་བྱ་འགུལ་སྤེལ་ཏེ། མགོ་རྩོམ་ས་མཐོ་བ་དང་ཚད་གཞི་མཐོ་བའི་རྨ་ཆུའི་བཞུར་རྒྱུད་ཀྱི་ཆ་འཁྱག་ཉ་གསོ་རྒྱུད་གསར་སྤེལ་བྱས་པ་དང་། ཉ་གསོ་སའི་དྲ་སྒམ་མུ་གྲུ་བཞི་མ་ཁྲི་བཞི་དང་སྟོང་ལྔ་སུམ་བརྒྱ་ལྷག་བཙུགས་པ་དང་། སྔོན་ལོ་ལས་བརྒྱ་ཆའི་ཉི་ཤུ་ལྷག་ཇེ་མཐོར་སོང་། ཞིང་ཆེན་ཡོངས་ཀྱི་ཆུ་འཁྱག་དྲ་སྒམ་ནང་ཉ་གསོས་པའི་རྒྱ་ཁྱོན་མུས་གྲུ་བཞི་མ་འབུམ་གཉིས་དང་ཁྲི་དྲུག་སྟོང་ལྔ་ལྷག་ལ་སླེབས་ཡོད་པ་དང་། དེའི་ནང་ཉ་ཀོས་ཙུན་གྱི་ཐོན་ཚད་ཏུན་ཁྲི་གཅིག་ལ་སླེབས་པས། རྒྱལ་ཡོངས་ཀྱི་ཆུ་འཁྱག་ཉའི་ཐོན་ཚད་ཀྱི་བཞི་ཆའི་གཅིག་ཟིན་ཡོད།

ལེགས་བསྡུས་ཞིབ་གཉེར་གྱི་འཕེལ་རྒྱས་སུ་བཏང་སྟེ་གཞི་ཁྱོན་ལ་མཐོང་ཆེན་བྱས་པ།
ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་མགྱོགས་མྱུར་སྒོས་གསོ་སྤེལ་གྱི་རྣམ་པ་གསར་བའི་ཚོང་གཉེར་གཙོར་བཟུང་ནས། ཆེད་ལས་མཉམ་ལས་ཁང་སུམ་བརྒྱ་སོ་གསུམ་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བཞི་བརྒྱ། ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་གཙོ་བོ་ཉི་ཤུ་བཅས་ལ་རོགས་སྐྱོར་བྱས་ཏེ། ཁྱིམ་ཚང་གི་ཞིང་རའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཁོར་སྐྱོད་ཚད་ལྡན་དུ་བཏང་ནས། སྣེ་ཁྲིད་ཁེ་ལས་ཀྱིས་རིགས་བསྒྱུར་རིམ་སྤར་བྱེད་པར་ཁྲིད་སྟོན་བྱས།

ད་ལོར། ཞིང་ཆེན་ཡོངས་སུ་གསར་དུ་ཁ་སྣོན་བྱས་པའི་རྨོ་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཐིག་དང་གྲངས་ཆུང་དགུ་ལྷག་ཡིན་པ་དང་། སྔོན་ལོ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་གཅིག་ལྔ་འཕར་ཡོད། ཞིང་སྡེའི་ས་ཞིང་འཁོར་རྒྱུག་གི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་བཅུ་གཅིག་ལྷག་ཏུ་སླེབས་ཡོད་ལ། ཁྱིམ་ཚང་གི་འགན་གཙང་ལེན་བྱས་པའི་རྨོ་ཞིང་གི་རྒྱ་ཁྱོན་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་ལྔ་ལྷག་ཡོད། ཞིང་ལས་ས་ཁུལ་གྱི་གཞི་ཁྱོན་གསོ་སྤེལ་ར་བ་དམ་འཛིན་བཟང་བོ་བྱས་ཏེ། སྒོ་ཕྱུགས་ཀྱི་གཞི་ཁྱོན་གསོ་སྤེལ་ར་བ་བརྒྱ་དང་གོ་དགུ་ལས་རོགས་བྱས་པ་དང་། བསྡོམས་པས་ཁྱིམ་ཚང་སྟོང་གཉིས་དང་བརྒྱད་བརྒྱ་ལ་གསོ་སྤེལ་ར་བ་ལས་པས། ཞིང་ལས་ས་ཁུལ་གྱི་གཞི་ཁྱོན་གསོ་སྤེལ་ར་བ་ལས་ཚད་བརྒྱ་ཆའི་ཞེ་དགུ་རུ་སླེབས་ཡོད། འབྲོག་ཁུལ་གྱིས་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་བྱེད་ཐབས་སུ་བརྩིས་ནས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་ཁྱིམ་ཚང་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་ལྷག་ལ་སླེབས་ཡོད་པ་དང་། སྒོ་ཕྱུགས་བྱེ་བ་གཅིག་དང་འབུམ་གཅིག་ཁྲི་ལྔ་གཅིག་བསྡུས་བྱས་ལ། བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་དགུའི་རྩྭ་ས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཚོང་གཉེར་རྣམ་པ་མངོན་འགྱུར་བྱས།

ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་བསྲེས་ལ་སྐུལ་འདེད་བྱས་པ།
ཀྲང་ཧོང་ཡོན་གྱིས་བཤད་རྒྱུར། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་བསྲེས་ཁྲོད། རང་ཞིང་གིས་ནུས་ཤུགས་ཡོད་དགུས་ཞིང་སྡེའི་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་སྣ་མང་ཅན་དུ་གཏོང་བ་གཙོ་བྱས་ནས། ཐོན་ལས་གསུམ་པ་མཉམ་བསྲེས་འཕེལ་རྒྱས་ཀྱི་བྱེད་ཐབས་མང་པོ་འཚོལ་ཞིབ་བྱས། མིག་སྔར། ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་ཁུལ་རིམ་པའི་ཡན་གྱི་ཞིང་ལས་ཐོན་ལས་ཅན་གྱི་ཁེ་ལས་གཙོ་བོ་བཞི་བརྒྱ་ང་གཅིག་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་བོའི་ནང་ཞིང་ཆེན་རིམ་པ་ཡན་གྱི་ཁེ་ལས་གཙོ་བོའི་ཡོང་སྒོ་སྒོར་དུང་ཕྱུར་གྱ་བརྒྱད་དུ་སླེབས་ཐུབ་ལ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཚད་བརྒྱ་ཆའི་ང་གཉིས་སུ་སླེབས་ཡོད་པ་དང་། སྔོན་ལོ་ལས་བརྒྱ་ཆའི་གྲངས་ཐིག་གཅིག་དང་གྲངས་ཆུང་བརྒྱད་ཀྱིས་ཇེ་མཐོར་སོང་།

ད་དུང་ཞིང་ཆེན་ཡོངས་ཀྱི་རྫོང་དགུ་རུ་ཞོག་ཁོག་དང་སྔོ་ཚོད་གསོག་ས། འཕང་འབྲས་སྲོ་སྐམ་བྱེད་ས་སོགས་སྒྲིག་ཆས་བདུན་བརྒྱ་བཅུ་དགུ་གསར་སྒྲིག་བྱས་ཡོད་པ་དང་། ཞིང་ལས་དང་ཞིང་སྡེ་རུ་སྤུས་ལེགས་གནས་སྐོར་ལམ་ཐིག་བཅུ་ལེགས་བཟོ་བྱས་ནས། རྒྱལ་ཡོངས་ཀྱི་མཛེས་སྡུག་སྤྲོ་གསེང་ཞིང་སྡེ་གསུམ་དང་། སྤྲོ་གསེང་ཞིང་ལས་རྟེན་གཞི་བཅུ་གསུམ་གསར་འཛུགས་བྱས། རྟ་ཐང་དང་མིན་ཧོ་སོགས་རྫོང་ལྔ་རུ་ཁེ་ཕན་ཟུང་དུ་སྦྲེལ་བའི་ཚོད་ལྟའི་གནས་ལྔ་སྤེལ་ཡོད་པས། ཕན་ནུས་ཡོད་པའི་སྒོ་ནས་རོང་འབྲོག་མང་ཚོགས་ལ་ཐོན་ལས་འབྲེལ་ཐག་གི་ཕན་འབྲས་འཕར་སྣོན་འབྱུང་བ་སྐུལ་འདེད་བྱས།

མ་དངུལ་གཅིག་བསྡུས་བྱས་ཏེ། མ་དངུལ་འཇོག་ཚད་ལ་ཤུགས་སྣོན་བྱས།
མ་དངུལ་གཅིག་བསྡུས་བྱས་ཏེ། ཞིང་ལས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཇེ་མཐོར་བཏང་ནས། ཞིང་ཆེན་ཡོངས་སུ་ཞིང་ཕྱུགས་ལས་ལས་གཞིའི་མ་དངུལ་བསྡུ་དཀའ་བ་དང་མ་དངུལ་བསྡུ་བའི་མ་རྩ་མཐོ་བའི་གནད་དོན་ནུས་ལྡན་སྒོས་ཐག་གཅོད་པའི་ཆེད་དུ། ཞིང་ཆེན་ཡོངས་ཀྱིས་རྫོང་སུམ་ཅུ་བདམས་ནས་ནོར་སྲིད་ཞིང་འབྲེལ་མ་དངུལ་གཅིག་གྱུར་ཧྲིལ་བསྡུས་བྱེད་པའི་ཚོད་ལྟ་བྱས།

ཟླ་དགུ་བའི་ཟླ་མཇུག་བར་རང་ཞིང་གིས་བསྡོམས་པས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ལས་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་རེ་བཞི་དང་བྱེ་བ་གཉིས་ས་ཡ་བརྒྱད་དངོས་འབེབས་བྱས་པས། ན་ནིང་གི་དུས་མཉམ་ལས་སྒོར་དུང་ཕྱུར་དྲུག་དང་བྱེ་བ་ལྔ་ས་ཡ་དྲུག་ཇེ་མཐོར་སོང་ཡོད་པ་དང་། བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གསུམ་ལྷག་འཕར། དུས་མཉམ་དུ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གསར་སྤེལ་བྱེད་པའི་ཁྲོད་དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར་བཞི་དང་བྱེ་བ་བཞི་གཏོང་བར་སྐུལ་ཁྲིད་བྱས། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་ཁས་ལེན་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ། ཞིང་འབྲེལ་ཁས་ལེན་དངུལ་བུན་སྒོར་བྱེ་བ་བདུན་དང་ས་ཡ་གཉིས་བྱིན་པས། ཞིང་ཕྱུགས་ལས་ལས་གཞིའི་ཐད་མ་དངུལ་བསྡུ་དཀའ་བའི་གནད་དོན་ཕན་ནུས་ཡོད་པའི་ཐག་གཅོད་བྱས།

ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་ནས་མི་འདང་ས་ཁ་གསབ་བྱས་པ།
ད་ལོར། མང་ཚོགས་ཀྱི་ལས་སྐྲུན་བྱེད་པའི་འདུ་ཤེས་དེ་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོར་བསྲེས་ནས། ཞིང་ཆེན་ཡོངས་ཀྱི་མཉམ་འབྲེལ་དྲ་རྒྱ་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་སྟེགས་བུ་འཛུགས་པའི་ལས་གཞི་ལག་བསྟར་བྱས་ཏེ། མཉམ་འབྲེལ་དྲ་རྒྱ་དང་བློ་རིག་ལྟར་འདེབས་འཛུགས་ལས་རིགས་དང་ཕྱུགས་ལས། ཉ་ལས་སོགས་ཆ་འཕྲིན་གྱི་མཉམ་འབྲེལ་བེད་སྤྱོད་ནུས་པ་སྐུལ་འདེད་བྱས་ནས། དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཞིང་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བ་སྐུལ་འདེད་བྱས། མཚོ་ནུབ་དང་མཚོ་ཤར་དུ་ཞིང་ལས་ཞབས་ཞུའི་ཚོད་ལྟའི་གནས་གསར་སྐྲུན་བྱས་པ་དང་། སྲིད་གཞུང་གིས་ཚོང་གཉེར་ཞབས་ཞུའི་ལས་ཁུངས་དང་རྩ་འཛུགས་ལ་ཞིང་ལས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ལམ་ལུགས་ཉོ་བའི་ཐབས་ལམ་འཚོལ་ཞིབ་བྱས། དེ་དང་ཆབས་ཅིག ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་དང་ཁྱབ་ཁོངས། སྣ་ཁ་སོགས་རྒྱ་བསྐྱེད་དེ། བོད་ཁུལ་གྱི་ནོར་དང་བོད་ལུག་གི་ཉེན་ཚབ་ཉོ་ཚད་རྫོང་དྲུག་ཏུ་རྒྱ་བསྐྱེད། མིག་སྔར། ཞིང་ཆེན་ཡོངས་སུ་བསྡོམས་པས་ནོར་གནག་ས་ཡ་གསུམ་དང་འབུམ་བཞི་ཁྲི་དགུ་སྟོང་བདུན་ལྷག་དང་འབྲོག་ལུག་ས་ཡ་གཉིས་དང་ཁྲི་བཞི་ཚང་མ་ཉེན་ཚབ་ཁོངས་སུ་བཞག་ཡོད་ལ། ཞིང་ལས་རྒྱུ་ཆ་སོགས་ཀྱི་ཐོན་རྫས་ཁག་ཐེག་བྱེད་པའི་གཞི་ཁྱོན་བརྟན་འཇགས་སྒོས་རྒྱ་བསྐྱེད་བཞིན་ཡོད། ཟླ་དགུ་བའི་ཟླ་མཇུག་བར་ལོ་དེའི་ནང་ཉེན་ཚབ་སྐྱིན་ཚབ་སྤྲད་པའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བཞི་འབུམ་བརྒྱད་ཁྲི་གཅིག་ཏུ་སླེབས་པས། གནོད་སྐྱོན་ཐེབས་ཚད་ཆེས་ཆེར་ཇེ་ཉུང་དུ་བཏང་།

བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་གསོན་ཤུགས་གསར་བ་བསྣན།
ད་ལོར། རང་ཞིང་གིས་ཞིང་ཕྱུགས་ལས་བཅོས་བསྒྱུར་ཐད་མུ་མཐུད་དུ་སྐུལ་འདེད་བྱེད་བཞིན་ཡོད་པ་དང་། མིག་སྔར། ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་གཏན་འཁེལ་བྱེད་ཚད་ཞིང་ལས་རྫོང་གཙོ་བོ་ཉེར་བཞི་རུ་ཁྱབ་ཡོད་པ་དང་། དབང་ཆ་གཏན་འཁེལ་བྱས་པའི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་འགན་གཙང་ལེན་བྱས་པའི་ཞིང་སྡེའི་རྨོ་ཞིང་རྒྱ་ཁྱོན་གྱི་བརྒྱ་ཆའི་གོ་ལྔ་ཟིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་གི་སྡེ་བ་གསུམ་གྱིས་ས་ཞིང་མ་རྐང་མཉམ་ལས་ཁང་ཐོ་འགོད་བྱས་ཡོད་པ་དང་། མ་རྐང་བཞག་ཏེ་མཉམ་ལས་ཁང་དུ་ཞུགས་པའི་ཁྱིམ་ཚང་བཞི་བརྒྱ་ང་ལྔ་ཡོད། མ་རྐང་དུ་བཞག་པའི་ས་ཞིང་སྤྱི་ཆིང་གོ་དགུ་གྲངས་ཆུང་དགུ་གསུམ་ཡོད་པས། རྨོ་ཞིང་གི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད། ད་དུང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱས་པའི་མ་དངུལ་དང་ཞིང་སྡེའི་མ་དངུལ་གཅིག་བསྡུས་བྱས་ཏེ་མ་རྐང་དུ་ཕབ་པའི་ཚོད་ལྟའི་གནས་རྩ་འཛུགས་བྱས་ཡོད་པས། མཉམ་ལས་ཁང་གི་མི་སྣའི་ཁེ་ཕན་མཉམ་རོལ་དང་ཉེན་ཁ་མཉམ་ཁུར་བྱེད་པའི་ལམ་ལུགས་བཙུགས།

དེ་དང་ཆབས་ཅིག སྐོར་གསར་བའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའ་གནང་བའི་སྲིད་ཇུས་ལག་བསྟར་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ལས་འབྲས་དོ་དམ་བཅོས་བསྒྱུར་བྱས་པ་དང་། འོས་མཐུན་སྒོས་ཕྱུགས་བཀག་པའི་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའི་ཚད་གཞི་ཇེ་མཐོར་བཏང་ལ། ཕྱུགས་བཀག་པའི་ས་ཁུལ་དུ་ས་མུའུ་རེར་སྒོར་གཅིག་དང་ཟུར་ལྔའི་ཁ་གསབ་མ་དངུལ་སྟེར་བ་དང་། རྩྭ་ཕྱུགས་དོ་སྙོམས་ཀྱི་ས་ཁུལ་དུ་ས་མུའུ་རེར་ཁ་གསབ་བྱ་དགའ་སྒོར་གཉིས་དང་ཟུར་ལྔ་སྟེར་བཞིན་ཡོད་པས། བསྡོམས་པས་རྩྭ་སའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་ཉེར་བཞི་དང་བྱེ་བ་གཅིག་ས་ཡ་གསུམ་དངོས་འབེབས་བྱས་པ་དང་། རེབ་དང་པོ་ལས་སྒོར་དུང་ཕྱུར་བཞི་དང་བྱེ་བ་དྲུག་ས་ཡ་དྲུག་འཕར་བས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་ཁྱིམ་ཚང་འབུམ་བདུན་དང་ཁྲི་དྲུག་སྟོང་ལྔ་ལྷག་ལ་ཕན་ཁེ་རེག་ཏུ་བཅུག་ཡོད། །

ལོ་ཙཱ་བ། ཤ་བོ་རིན་མཚོ།
-