ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་བསྡུས་པ།
2017.01.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཟླ་དང་པོའི་ཚེས13ཉིན་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་ཞིང་སྡེའི་བྱ་བའི་གྲོས་ཚོགས།དེ་མིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་པ་དང་།2016ལོའི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་བར་སྤྱི་སྡོམ་དང་མིག་སྔའི་ཞིང་ཕྱུགས་ལས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་།2017ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

གྲོས་ཚོགས་མ་འཚོགས་གོང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དུ་ཀྲུང་དབྱང་ཞིང་སྡེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ལག་བསྟར་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་བསྟན་དོན།འདས་པའི་ལོ་གཅིག་ནང་སྡེ་ཁག་སོ་སོས་སེམས་ཤུགས་མཉམ་འདོན་དང་དཀའ་སེལ་འགག་སྒྲོལ་བྱས་ཏེ་ཞིང་ཕྱུགས་ལས་རྒྱུན་ཆད་མེད་པར་ཐོན་ཚད་འཕར་བ་དང་།རོང་འབྲོག་པའི་ཡོང་སྒོ་རྒྱུན་ཆད་མེད་པར་འཕར་སྣོན་བྱེད་པ། རོང་འབྲོག་ཁུལ་འཆམ་མཐུན་བརྟན་འཇགས་ཡོང་བ་བཅས་ཀྱི་ཐད་ནུས་ཤུགས་བཏོན་ཏེ།ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བར་འདེགས་སྐྱོར་ཆེན་པོ་བྱས། “ཞིང་གསུམ་ཕྱུགས་གསུམ”བྱ་བ་ནི་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་ཆེན་པོ་ཁྱོན་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་ཅིང་ཏན་ཏན་ཏིག་ཏིག་གིས“བསྒྱུར་བ་བཞི”སྐུལ་སྤེལ་གཏོང་བ། ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་ཐིག་ཏུ་བརྩི་ཞིང་།རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པ་དམིགས་འབེན་དུ་བརྩིས་ནས། ཤུགས་ཆེན་པོས་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་འཛུགས་སྐྱོང་བྱས་ཏེ། མཐོ་སྒང་གི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་ཅི་ཐུབ་བྱེད་དགོས།

གྲོས་ཚོགས་སྟེང་ཝང་གོ་ཧྲིན་གྱིས་བཏོན་པའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་།«ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྐུལ་སྤེལ་བཏང་ནས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར(གྲོས་བསྡུར་མ་ཟིན)»ལ་གྲོས་བསྡུར་བྱས། ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཤིང་གཏམ་བཤད།ཡན་ཅིན་ཧའེ་ཡིས་ད་ལོའི“ཞིང་གསུམ་ཕྱུགས་གསུམ”གྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། སྟག་འབུམ་ཐར་དང་ཀྲང་ཧྲིག་ཁྲིན་གཉིས་གྲོས་ཚོགས་ནང་ཞུགས།

གྲོས་ཚོགས་ཀྱིས་བསྟན་དོན།2016ལོའི་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་བྱ་བའི་གཞི་རྩ་སྔར་ལས་ཀྱང་བརྟན་ཞིང་གྲུབ་ཚུལ་སྔར་ལས་ཀྱང་ཇེ་ལེགས་སུ་གྱུར་པ་དང་། སྔར་ལས་ཀྱང་སྐྱེ་སྟོབས་ལྡན་པ། དམངས་འཚོ་སྔར་ལས་ཀྱང་བཟང་བ་དང་མཛུབ་སྟོན་བྱེད་ཤུགས་སྔར་ལས་ཀྱང་ནུས་ཤུགས་ལྡན་པ་བཅས་བརྟན་བརླིང་ཁྲོད་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་པོ་མུ་མཐུད་དུ་སྲུང་འཛིན་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འདེགས་སྐྱོར་ནུས་ལྡན་ཐོབ།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་ན།གཙོ་བོ་ཞིང་པ་དང་ཞིང་ལས།ཞིང་སྡེ། ལྗང་མདོག་བཅས་གནད་དོན་བཞི་གཅིག་གྱུར་གྱིས་ཐག་གཅོད་བཟང་པོ་བྱེད་དགོས་པ་སྟེ། གྲངས་ཀའི་དོ་སྙོམས་ལ་དོ་སྣང་བྱེད་དགོས་ལ་ད་དུང་སྤུས་ཀ་དང་ཕན་འབྲས་མཐོར་འདེགས་བྱེད་པར་དོ་སྣང་བྱེད་དགོས། ཐོན་སྐྱེད་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་དོ་སྣང་བྱེད་དགོས་ལ་ད་དུང་ཐོན་ལས་ཀྱི་གྲུབ་ཚུལ་དང་བདག་གཉེར་གྱི་གྲུབ་ཚུལ་ལ་དོ་སྣང་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་འཕེལ་བ་འབུར་དུ་གདོད་དགོས་ལ་ད་དུང་སྒྲིག་སྲོལ་བཅོས་བསྒྱུར་དང་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བར་དོ་སྣང་བྱེད་དགོས་ཤིང་། སྒྲིག་སྲོལ་དང་ནང་རྐྱེན་གསར་སྐྲུན་དང་། ཚོང་རར་བསྟུན་ནས་ཁྲིད་སྟོན་བྱེད་པ། སྤུས་ཀ་དང་ཕན་འབྲས་མཐོར་འདེགས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད།ཡོང་སྒོ་འཕར་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་གནད་ས་ཆེན་པོ་ལྔར་ཚོད་འཛིན་གང་ལེགས་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་དམའ་རུ་མི་འགྲོ་བ་དང་རོང་འབྲོག་པའི་ཡོང་སྒོ་འཕར་ཚུལ་མི་བསྒྱུར་བ།ཞིང་ཕྱུགས་ལས་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་ཐད་གནད་དོན་མི་འབྱུང་བའི་རྩ་བའི་ཚད་ཐིག་གསུམ་དམ་སྲུང་བྱེད་ཅིང་། སྣོན་རྩིས་དང་འཕྲི་རྩིས། སྲིད་གཞུང་དང་ཚོང་ར། མིག་སྔར་དང་ཡུན་རིང་།ཤུགས་ཚད་དལ་ལྷོད་བཅས་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ཏེ། ཞིང་ཕྱུགས་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་འབུད་ཐབས་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གྲུབ་ཚུལ་ལེགས་སྒྲིག་བྱེད་པ་ནི་ཞིང་ཕྱུགས་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བའི་གནད་ས་ཡིན་པ་དང་།དམིགས་ཡུལ་ནི་སྔར་ལས་ཀྱང་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན། ངོ་བོ་ནི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་པ་དང་གནད་ས་ནི་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་བ་དེ་སྔར་ལས་ཀྱང་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ཐོན་རྫས་ཀྱི་གྲུབ་ཚུལ་དང་བདག་གཉེར་གྱི་གྲུབ་ཚུལ། ས་ཁོངས་ཀྱི་གྲུབ་ཚུལ། ཐོན་ལས་ཀྱི་གྲུབ་ཚུལ། ལག་རྩལ་གྱི་གྲུབ་ཚུལ་བཅས་སྔར་ལས་ཀྱང་ཇེ་ལེགས་སུ་གཏོང་དགོས། 

རྩོམ་སྒྲིག་པ། ཚེ་མགོན་རྒྱལ།