འབྲོག་པས་རྩྭ་ལ་བརྟེན་ནས་འཚོ་བ་རོལ་ཐུབ་སོང་།
“ལོ་འདི་གར་ང་ཚོའི་སྡེ་བར་གནམ་ས་བླ་འོག་བརྗེས་པའི་འགྱུར་ལྡོག་བྱུང་བ་སྟེ། རྩྭ་སྔོན་པོ་དང་ཆུ་དྭངས་མོར་གྱུར་ཅིང་། ཡོང་སྒོ་ཇེ་མང་དང་ལམ་ལས་ལ། ཁོར་ཡུག་ཀྱང་ཇེ་གཙང་དུ་སོང་ཡོད”ཅེས་འབྲོག་པ་ཆོས་ལོས་དགའ་སྤྲོའི་ངང་དེ་ལྟར་བཤད།
རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དགུ་སྟོད་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན། ལོ་ངོ་གསུམ་གྱི་ཡར་སྔོན་དུ། ཡུལ་འདི་ནི་ས་ནག་ཐང་ཞིག་ཡིན་ལ། སྡེ་མི་རྣམས་ཀྱིས་སྤྱི་ཆིང་བརྒྱ་ཕྲག་ལྷག་གི་ངོས་སྙོམས་པའི་ས་ནག་ཐང་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། རང་ཚང་གི་ནོར་ལུག་ལའང་རྩྭས་མི་འདང་བ་རེད། ད་ལྟ། ཆ་རྐྱེན་དེར་གཞིགས་ནས་ཡུལ་དེའི་སྲིད་གཞུང་གིས་དབུལ་ཕོངས་ཀྱི་རྩ་བ་མེད་པར་བཟོས་ཏེ་དབུལ་ཕོངས་སྡེ་བ་འདི་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུའི་སེམས་ཐག་བཅད།
སྡེ་བ་ཡོངས་ཀྱི་ཁྱིམ་ཚང་བརྒྱ་དང་གྱ་ལྔ་ཡི་འབྲོག་པ་ལྔ་བརྒྱ་བརྒྱད་ཅུ་ཡིས་རྩྭ་བཏབ་པས། སྤྱི་ཆིང་ཉིས་བརྒྱ་ལྷག་གི་ས་ནག་ཐང་ནི་རྩྭ་མཐུག་པོར་སྐྱེས་པའི་རྩྭ་མཛོད་ལྟ་བུར་གྱུར་པ་དང་། དགུ་སྟོད་སྡེ་བས་རྩྭ་བཏབ་ནས་འཚོ་བ་རོལ་ཐུབ་སོང་།
ཡུལ་བཟང་པོར་གནས་སྤར་ནས་གྲོང་ཁྱེར་གྱི་འཚོ་བ་རོལ་བ།
རྨ་སྟོད་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་མཚོ་ངོས་ལས་ཆེས་མཐོ་བའི་རྫོང་ཞིག་རེད། རང་བྱུང་གི་ཆ་རྐྱེན་ཅུང་ཞན་ཞིང་ཡོང་སྒོ་འཕར་བྱེད་ཀྱི་ཐབས་ལམ་སྣ་གཅིག་ཡིན་པས་མང་ཚོགས་ཀྱིས་དབུལ་ཕོངས་ཀྱི་འཚོ་བ་རོལ་བཞིན་ཡོད། གནད་ཕིགས་དབུལ་སྐྱོར་གྱི་ལས་དོན་སྤེལ་བའི་ཚུན་དུ། སྡེ་བར་སྡོད་པའི་རོགས་སྐྱོར་རུ་ཁག་གིས་སྡེ་དམངས་རྣམས་ཀྱི་འདོད་བློ་དང་སྦྲེལ་ནས། དབུལ་སྐྱོར་ཐོན་ལས་སྐྱེད་སྲིང་བྱེད་པའི་ཁ་ཕྱོགས་གཙོ་བོ་ནི་ས་བོན་ལེགས་པོ་འདེབས་པ་དང་ཕྱུགས་ཟོག་གསོ་སྤེལ་བྱེད་པ། གནས་སྤོར་བ་བཅས་སུ་བསྒྱུར།
སྔོན་ཆད་དང་མི་འདྲ་བ་ཞིག་ནི་རྨ་ཁྲ་ལི་སྡེ་གསར་གྱི་འབྲོག་པ་གུར་སྐྱབས་ཚང་གི་བཟའ་མི་བཞི་བོས་སོ་ཕག་གི་ཁང་གསར་དང་ར་སྐོར་ཅན་གྱི་སྡོད་ཁང་ནང་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
རྨ་ཁྲ་ལི་སྡེ་གསར་རྫོང་མཁར་དང་བར་ཐག་ཅུང་ཉེ་ཞིང་འགྲིམ་འགྲུལ་ཡང་ཅུང་སྟབས་བདེ། གུར་སྐྱབས་བཟའ་མི་གང་བོ་ལོ་འགའི་སྔོན་དུ་རྨ་ཆུ་ཞང་ནས་ཡུལ་དེར་གནས་སྤར་བ་དང་། གྲོང་ཁྱེར་བ་དང་འདྲ་བའི་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།
“སྔོན་ཆད་འབྲོག་པ་རྣམས་ས་ཁང་དུ་བསྡད་ནས་ཐབ་ལ་ཨོང་བ་འབུད་པ་དང་ནང་དུ་མར་མེ་བཀར་ནས་བསྡད་ཡོད། ཏང་དང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་དྲུག་བཏང་སྟེ། ངེད་ཚང་ལ་ཁང་པ་ལས་རོགས་བྱས་ལ། དེའི་ཁར་མི་རེར་ལོ་རེར་རྩྭ་ཐང་གི་ཁ་གསབ་སྒོར་སྟོང་བདུན་རེ་སྟེར་བཞིན་ཡོད་པར་མ་ཟད། བཟའ་མི་བཞི་བོ་ད་རུང་མ་མཐའི་འཚོ་བའི་འགན་སྲུང་གི་གྲས་སུ་བཞག་ཡོད། ང་ཚོ་དང་འདྲ་བར་སྡེ་བའི་ནང་གི་ཡུལ་མི་ཁྱིམ་ཚང་བརྒྱ་དང་དོན་དགུ་ཡང་སྡོད་ཁང་ཆེན་པོའི་ནང་དུ་བསྡད་ཡོད”ཅེས་གུར་སྐྱབས་ཀྱིས་དགའ་སྤྲོའི་ངང་བཤད།
ལོ་ངོ་གཅིག་ལྷག་གི་རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད། ད་ལྟ་རྨ་ཁྲ་ལི་སྡེ་གསར་ལ་རོགས་སྐྱོར་བྱས་ནས་ལས་པའི་དྲོད་ཁང་ཆེན་པོ་བརྒྱད་ཡོད་པ་དང་། རྨ་སྟོད་རྫོང་དུ་སྔོ་ཚོད་མི་སྐྱེ་བའི་སྟོང་ཆའང་བསྐངས་པ་རེད། 2016ལོར་སྔོ་ཚོད་སྣ་ཁ་བཅུ་བཞི་བཏབ་ནས། སྡེ་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་སོང་།
དབུལ་ཕོངས་ཁྱིམ་ཚང་གིས་མ་རྐང་བཞག་ནས་བདག་པོར་གྱུར་བ།
རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ནས་ཡོང་བའི་མནྡེ་བཟང་མོས་རྟ་བོ་ཐང་ནས་སྨི་གྲུ་བཞི་མ་བཅུ་ཕྲག་ཡོད་པའི་ཟས་རིགས་ཚོང་ཁང་ཞིག་ཕྱེ་ཡོད།
ལོ་སྔོན་མར་ཁོ་མོས་རྨ་ཆེན་རྫོང་སྲིད་གཞུང་ལ་རེ་འདུན་ཞུས་ཏེ་མཉམ་ལས་ཁང་ཞིག་བཙུགས་ལ། རང་ཡུལ་གྱི་ལྷད་མེད་ཕྱུགས་ལས་ཐོན་ཁུངས་ལ་ཁ་གཏད་ནས། ཡུལ་མི་ཚོའི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོར་འགྱུར་བའི་ལས་དོན་སྤེལ།
བུད་མེད་བཅུ་ཡིས་ཁོ་མོའི་སྐུལ་སློང་འོག ནོར་ནག་བརྒྱ་ལྷག་ཉོས་ཏེ། ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་པའི་ཐབས་ལམ་བརྒྱུད་དེ་རང་ཚང་ནས་ཐོན་པའི་འོ་མ་དང་མར། ཆུར་བ་སོགས་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ཕྱིར་བཙོངས་པས། མནྡེ་བཟང་མོ་ནི་གྲོང་རྡལ་ཡོངས་ཀྱི་གསོ་སྤེལ་ལས་རིགས་གོང་དུ་སྤེལ་མཁན་གྱི་བུད་མེད་སྣེ་ཁྲིད་པར་གྱུར་པར་མ་ཟད། སྣེ་ཁྲིད་བྱས་པའི་དབུལ་ཕོངས་ཁྱིམ་ཚང་ཁྲོད་ཀྱི་བུད་མེད་མང་པོ་ཞིག་དེའི་ནང་དུ་ཞུགས།
ཏཱ་རེ་འཚོ་ཚང་ནི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ཁྱིམ་མི་ལྔ་ཡོད་ལ་དཔལ་འབྱོར་གྱི་ཡོང་ཁུངས་མེད། ཁོ་མོའང་མཉམ་ལས་ཁང་དུ་ཞུགས་ཡོད། “ངས་འདི་ནས་ནོར་འཚོ་བ་དང་བཞོན་མ་བཞོ་བའི་འགན་ཁུར་ཡོད་ལ། ལོ་མཇུག་ཏུ་སྒོར་སྟོང་གཉིས་ལྔ་བརྒྱ་ཡི་ཁེ་སྤོགས་བགོ་རྒྱུ་ཡོད། མཉམ་ལས་ཁང་གིས་ད་རུང་བྱིས་པ་གསུམ་པོར་མི་རེར་སྒོར་ལྔ་བརྒྱ་ཡི་སློབ་རོགས་མ་དངུལ་སྟེར་བཞིན་ཡོད། དེ་ནི་ང་ཚོ་དབུལ་ཕོངས་ཁྱིམ་ཚང་ཞིག་ལ་མཚོན་ན་འཁྱག་དུས་ཀྱི་གོས་དང་ལྟོགས་དུས་ཀྱི་ཟས་ལྟ་བུ་ཡིན”ཏཱ་རེ་འཚོས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།
ད་ལྟ། མཉམ་ལས་ཁང་གི་གསོ་སྤེལ་གཞི་ཁྱོན་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ཡོད་པ་དང་། མཉམ་ལས་ཁང་གི་ཁོངས་མིའང་སྔོན་ཆད་ཀྱི་མི་བཅུ་ནས་ད་ལྟའི་མི་སུམ་ཅུ་རུ་འཕར་ཡོད། ནོར་ནག་ཉིས་བརྒྱ་བཞི་བཅུ་ཡོད་ལ། མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སུམ་སྟོང་ལྔ་བརྒྱ་རུ་འཕར་ཡོད། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།