བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡོད་པའི་མི་དུང་ཕྱུར་དགུ་དང་བྱེ་བ་བདུན་ས་ཡ་གཉིས་ལ་སླེབས། ས་ཆ་མང་པོ་ནས། མང་ཚོགས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་ཁོ་ན་བཟུང་ཚེ། ཨང་རྟགས་བཀོད་ནས་སྨན་བོཅས་བྱེད་པ་དང་། སྨན་རིན་སྤྲོད་པ་སོགས་དགོས་མཁོ་སྣ་མང་བསྐོང་ཐུབ། ཉིས་སྟོང་བཅུ་བདུན་ལོར། སྤྱི་ཚོགས་འགན་སྲུང་བྱང་བུ་དེ་ཕལ་ཆེར་རྒྱལ་ཡོངས་སུ་གཅིག་སྤྱོད་བྱང་བུ་རུ་བསྒྱུར་རྒྱུ་རེད།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ལྟེ་གནས་སྨན་ཁང་གི་རང་འགུལ་འཕྲུལ་ཆས་སྟེང་། བུད་མེད་ཞིག་གིས་རིམ་པ་བཞིན་སྤྱི་ཚོགས་འགན་སྲུང་བྱང་བུའི་སྨན་བཅོས་དང་ཨང་རྟགས་ཐོ་འགོད་གཉིས་བདམས་པ་དང་། སྐར་མ་བཅུ་ཕྲག་འགའི་རིང་ལ་ཨང་རྟགས་ཐོ་འགོད་བྱས་ནས་སྨན་རིན་ཡང་སྤྲད་ཚར། ཁོ་མོས་བཤད་རྒྱུར། དེ་རིང་ཐེངས་དང་པོར་སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་ནས་ཨང་རྟགས་བཀོད་པ་ཡིན་ལ། ལག་ཏུ་སྒོར་མོ་ཡང་འཛིན་མི་དགོས་པར། བྱང་བུ་བཟུང་ནས་ཐད་ཀར་དུ་ཐོ་འགོད་བྱས་ཆོག་ཟེར། ཐའེ་ཡོན་གྲོང་ཁྱེར་ལྟེ་གནས་སྨན་ཁང་གི་སྨན་པ་ཀྲང་ཝེ་ཡིས་བཤད་རྒྱུར། ས་དེའི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡིས་སྨན་བཅོས་དང་རྩིས་སྤྲོད། འདྲི་ཞིབ་སོགས་ཀྱི་ཞབས་ཞུ་གཅིག་བསྡུས་བྱས་པས། མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་བཟོས་པ་མ་ཟད། སྨན་ཁང་དུ་ཁུར་པོ་ཡང་ཇེ་ཡང་དུ་བཏང་སོང་། སྔོན་ཆད་ཨང་རྟགས་ཐོ་འགོད་བྱེད་ན་སྒོར་མོ་སྤྲོད་དགོས་པ་དང་། སྨན་དང་བརྟག་བཤེར་གྱི་རྣམ་གྲངས་ཁ་ཤས་ལ་ཡང་སྒོར་མོ་སྤྲོད་དགོས། ད་ལྟ་ཚང་མ་སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་ནས་སྤྲད་ཆོག་ཟེར།
མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་ཆ་འཕྲིན་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་དུ། གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། ལས་ཤོར། ལས་རྨས། བུ་སྐྱེ་བཅས་སྤྱི་ཚོགས་འགན་སྲུང་བྱང་བུ་ཡོད་པའི་མི་དུང་ཕྱུར་དགུ་དང་བྱེ་བ་བདུན་ས་ཡ་གཉིས་ལ་སླེབས་ཟེར། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཚོད་དཔག་བྱས་ན། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱང་བུ་ཡོད་པའི་མི་ཐེར་འབུམ་གཅིག་ལས་བརྒལ་སྲིད་ཟེར།
མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བསྟན་དོན། ཉིས་སྟོང་བཅུ་བདུན་ལོར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཡུལ་གཞན་ནས་སྨན་བཅོས་བྱེད་པའི་མཉམ་འབྲེལ་དྲ་བའི་རྩིས་སྤྲོད་མ་ལག་མྱུར་དུ་བཙུགས་ཏེ། ཉིས་སྟོང་བཅུ་བདུན་ལོར་ཡུལ་གཞན་དུ་སྨན་བཅོས་བྱེད་པར་འགྲོ་བའི་གཏན་ཁེལ་དང་མཐུན་པའི་མི་རྣམས་ཀྱིས་ཡུལ་གཞན་ནས་ཞག་སྡོད་སྨན་བཅོས་བྱས་ཏེ་སྨན་རིན་ཐད་ཀར་དུ་རྩིས་སྤྲོད་བྱེད་ཐུབ་པ་དེ་ཕལ་ཆེར་མངོན་འགྱུར་བྱེད་རྒྱུ་ཡིན་ལ། དཔང་ལྔ་གཞི་གཅིག་གི་ཐོ་འགོད་ལམ་ལུགས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན། སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ཚད་གཞི་ཅན་གྱི་མ་ལག་འཐུས་ཚང་དུ་འཛུགས་རྒྱུ་ཡིན་ལ། དོ་དམ་བྱེད་ཐབས་དང་ཞབས་ཞུའི་ཐབས་ཤེས་གསར་སྐྲུན་བྱེད་པ་དང་། གློག་རྡུལ་སྤྱི་ཚོགས་འགན་སྲུང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། སྤྱི་ཚོགས་འགན་སྲུང་མ་ལག་ཚད་ལྡན་ཅན་དང་ཆ་འཕྲིན་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན། དམངས་ཡོངས་འགན་སྲུང་ཁྲོད་ཞུགས་པའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་དམངས་ཡོངས་འགན་སྲུང་ཁྲོད་ཞུགས་པའི་གཞི་གྲངས་ཀྱི་མཛོད་ཕལ་ཆེར་ལས་ནས་འགྲུབ་པར་བྱེད་པ་དང་། གཅིག་སྤྱོད་བྱང་བུ་མངོན་འགྱུར་བྱས་ཏེ། མང་ཚོགས་ལ་སྔར་ལས་སྟབས་བདེ་བའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།
མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ལིས་ཀྲུང་གིས་བསྟན་དོན། གོ་རིམ་རྗེས་མར་སྤྱི་ཚོགས་འགན་སྲུང་བྱང་བུ་དང་འབྲེལ་ཡོད་སྡེ་ཁག་སྟེ་ལྷག་པར་དུ་སྤྱི་བདེ་དང་དམངས་སྲིད། སློབ་གསོ། འཕྲོད་བསྟེན་འཆར་ལྡན་བུ་སྐྱེ། ནོར་སྲིད་སོགས་སྡེ་ཁག་བར་གྱི་གཞོགས་འདེགས་ལ་སྔར་ལས་ཤུགས་བསྣན་ནས། བྱང་བུ་དེར་ནུས་པ་ངོ་མ་འདོན་དུ་བཅུག་སྟེ། བྱང་བུ་འཛིན་མཁན་ལ་སྔར་ལས་སྟབས་བདེ་བའི་ཞབས་འདེགས་ཞུ་དགོས་ཟེར། དེར་མ་ཟད་ཉིས་སྟོང་བཅུ་དྲུག་ལོར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གཞི་རྩའི་རྒན་གསོ་འགན་སྲུང་ཐེབས་རྩའི་དངུལ་གཏོང་དོ་དམ་དངོས་སུ་སྤེལ་བ་དང་། རྒན་གསོའི་གྲོན་དངུལ་དུས་ལྟར་འདང་ངེས་པ་ཞིག་སྟེར་བར་ཁག་ཐེག་བྱེད་པ་དེ་ཡང་ཉིས་སྟོང་བཅུ་བདུན་ལོའི་བྱ་བ་གལ་ཆེན་ཞིག་རེད། དེའི་ཐད་ནས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ལུའུ་ཨེ་ཧུང་གིས་བཤད་རྒྱུར། སྤྱི་བདེ་ལས་ཁུངས་བར་གྱི་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་འགན་སྲུང་གི་མགོ་བསྐོར་གྱོད་དོན་རྩད་གཅོད་བརྒྱུད་སྤྲོད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཁྲིམས་ལྟར་དང་དུས་ལྟར་དུ་ཁྲིམས་འགལ་ནག་ཉེས་གྱོད་དོན་བརྒྱུད་སྤྲོད་བྱེད་དགོས། གཞི་རྩའི་རྒན་གསོའི་འགན་སྲུང་ཐེབས་རྩའི་དངུལ་གཏོང་འཁོར་སྐྱོད་བརྟན་བརླིང་དང་གཟབ་ནན་སྒོས་སྤེལ་ནས། བྱེད་ཐབས་མང་པོ་སྤྱད་དེ་ཐེབས་རྩའི་རྒྱབ་རྟེན་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།