2016ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོའི་སྟེང་དུ་བཀོད་པའི་གསར་འགྱུར་ཞིག་གིས། གྲང་ངར་ཆེ་བའི་མཚོ་སྔོན་གྱི་དགུན་ཁར་དྲོད་ཁོལ་ཞིག་ཁྱེར་ཡོང་བ་སྟེ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་རྫོང་གི་ཁ་ཡངས་སྡེ་བས་གནས་སྐོར་འཕེལ་རྒྱས་བཏང་བ་ལ་བརྟེན་ནས་དབུལ་ཐར་བྱས་པས། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞེ་བཞི་ཡིས་དབུལ་ཕོངས་ཞྭ་མོ་ཕུད་དེ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་གསར་བ་མངོན་འགྱུར་བྱས།
ལོ་ངོ་གཉིས་ཀྱི་ནང་དུ། སྡེ་བ་དེའི་ཧྲུའུ་ཅི་དང་པོ་པའོ་ཝུའུ་ཀྲང་གིས་ཕྱོགས་མང་པོ་ནས་བརྩོན་ལེན་བྱས་ཏེ། ཁ་ཡངས་སྡེ་བ་བསྒྱུར་བཅོས་བྱས་ཤིང་རིམ་པ་སྤར་བ་དང་། གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་བྱེད་ནུས་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། དྲིལ་སྒྲོག་དང་ཚོང་རྫས་ཕྱིར་བཙོང་གི་ཚད་ཇེ་ཆེར་བཏང་ནས། གནས་སྐོར་བའི་གྲངས་ཀ་མུ་མཐུད་དུ་ཇེ་མང་དུ་སོང་ཞིང་། ལུང་པའི་ཕུ་རུ་ཡིབ་ཡོད་པའི་སྡེ་བ་དེ་ལོ་རེར་གནས་སྐོར་པ་མི་ཐེངས་འབུམ་གསུམ་ཡན་སྣེ་ལེན་བྱེད་ཐུབ་པའི་ལྗོངས་ཁུལ་ཞིག་ཏུ་བསྐྲུན།
2016ལོའི་ཟླ12པའི་ཚེས28ཉིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་གྱིས་ཁ་ཡངས་སྡེ་བའི་བྱེད་ཐབས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། དབུལ་ཕོངས་ས་ཁུལ་གྱི་ཐོན་ཁུངས་ལེགས་པོ་སྔོག་འདོན་བྱེད་པར་སྐུལ་མ་དང་སྣེ་ཁྲིད་བྱས་ཏེ། ཁྱད་ལྡན་ཐོན་ལས་དེ་དབུལ་སྐྱོར་གསར་སྤེལ་དང་མཉམ་དུ་གོང་སྤེལ་བྱེད་པའི་ཐབས་ལམ་དུ་བསྐྱོད་དགོས་ཞེས་བསྟན།
2016ལོའི་ཟླ8པའི་ཚེས8ཉིན་ནི། བུའུ་ལན་རྫོང་གི“ནམ་མཁའི་མེ་ལོང”སྟེ་ཚྭ་ཁ་ཚྭ་མཚེའུ་ལྗོངས་ཁུལ་ལ་མཚོན་ན་ནམ་ཡང་བརྗེད་ཐབས་མེད་པའི་ཉིན་མོ་ཞིག་རེད། ཉིན་དེར། ལྗོངས་ཁུལ་དེར་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་བ་སྟེ། ཉིན་གཅིག་ལ་གནས་སྐོར་བ་མི་ཐེངས་ཁྲི་བཞི་ལས་བརྒལ་བ་སྣེ་ལེན་བྱས་པ་དང་། ལྗོངས་ཁུལ་སྒོ་ཕྱེ་རྗེས་ཀྱི་ལོ་ཧྲིལ་པོར་གནས་སྐོར་པ་མི་ཐེངས་ས་ཡ་གཅིག་ལས་བརྒལ་བ་སྣེ་ལེན་བྱས་པའི་ཉིན་མོའང་རེད།
འདས་པའི་ལོ་གཅིག་གི་རིང་ལ། “ནམ་མཁའི་མེ་ལོང”སྟེ་ཚྭ་ཁ་ཚྭ་མཚེའུ་ནི་མི་ཚོགས་ཆེས་མང་བའི་ལྗོངས་ཁུལ་ཞིག་ཡིན་ལ། སྤྱིར་བཏང་མ་ཡིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལྡན། སྤོ་སྒུལ་འགྲིམ་འགྲུལ་གྱི་ཡོ་བྱད་དར་ཁྱབ་ཆེ་ཞིང་སྤོ་སྒུལ་དྲ་བ་གང་སར་ཁྱབ་པའི་དེང་གི་དུས་འདིར། གནས་སྐོར་ལས་རིགས་ལ་ནང་དོན་གསར་བ་དང་རྣམ་པ་གསར་བ་བསྩལ།
ཚྭ་ཁ་ཚྭ་མཚེའུ་ནི་མ་གཞི་ནས་སྲོལ་རྒྱུན་གྱི་བཟའ་ཚྭ་ལེན་སའི་གནས་ཤིག་ཡིན་ལ། ལོ་རྒྱུས་སྟེང་དུ་ཚྭ་ཁའི་ཚྭ་ལ་སྙན་གྲགས་ཀྱི་བ་དན་ཅུང་རྒྱས་ཡོད་ནའང་། མི་རྣམས་ཀྱིས་མཚེའུ་དེ་དང་གནས་སྐོར་ལྗོངས་ཁུལ་གཉིས་མཉམ་དུ་སྦྲེལ་མ་ཤེས། ཡུལ་ཁོངས་ཡོངས་ཀྱི་གནས་སྐོར་ཧུར་བརྩོན་གྱིས་འཚོལ་སྙེག་བྱས་ཤིང་ལག་ལེན་དུ་བཏབ་པས་གནས་སྐོར་རྒྱུ་རྐྱེན་གྱི་འགག་སྒྲོལ་གསར་བ་བྱུང་བ་དང་། ཚྭ་ཁ་ཚྭ་མཚེའུ་ཡི་སྲོལ་རྒྱུན་བཟོ་ལས་དེར་དེང་རབས་གནས་སྐོར་དང་མཉམ་དུ་འཕེལ་རྒྱས་གསར་བ་བྱུང་བས། བཟོ་ལས་དང་ཁེ་ལས་ལ་ཚེ་སྲོག་གི་སྟོབས་ཤུགས་གསར་བ་བསྩལ་བར་མ་ཟད། གནས་སྐོར་ལས་རིགས་ལ་རྒྱུ་རྐྱེན་གསར་པ་བསྣན་པ་དང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་བ་བཏོད།
མཚོ་སྔོན་གནས་སྐོར་དུས་ཚིགས་སུ་གཞུང་དུ་རླངས་འཁོར་གཅིག་ཀྱང་གླ་དཀའ་བའི་གནད་དོན་དེ་ཐག་གིས་གཅོད་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་དང་གནས་སྐོར་སྡེ་ཁག་གཉིས་ཀྱིས་ཧུར་བརྩོན་གྱིས་མཉམ་ལས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་བྱེད་ཐབས་བཀོལ་ནས། གནས་སྐོར་སྐྱེལ་འདྲེན་རླངས་འཁོར་དྲུག་བརྒྱ་གསར་དུ་བསྣན་པ་དང་། གནས་སྐོར་སྐྱེལ་འདྲེན་རླངས་འཁོར་བརྒྱ་ལྷག་གྲ་སྒྲིག་བྱས་པས། མཚོ་སྔོན་གནས་སྐོར་དུས་ཚིགས་སུ་གཞུང་གི་སྣེ་ལེན་དང་ཞབས་འདེགས་ཆ་རྐྱེན་མི་བཟང་བའི་གནད་དོན་རིམ་གྱིས་སེལ། གནས་སྐོར་པས་གནད་དོན་འདིའི་སྟེང་དུ་ཞུ་གཏུག་བྱེད་ཚད་ཆེས་ཆེར་ཇེ་ཉུང་དུ་སོང་བས། རང་ཞིང་གི་གནས་སྐོར་ཚོང་ཁྲོམ་བརྟན་བརླིང་དང་གོ་རིམ་ལྡན་པ་དང་། རྒྱུ་སྤུས་ཡོད་པ། བདེ་འཇགས་ཡིན་པའི་རྣམ་པ་ཕན་ལྡན་གྱིས་སྲུང་སྐྱོབ་བྱས་ཡོད།
གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་རྒྱ་ཆེར་ཇེ་མང་དུ་བཏང་བ་དེས། སྔར་ཡོད་ཀྱི་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཀུང་སིའི་ཚོང་གཉེར་ལ་འགལ་རྐྱེན་མ་བཟོས་པར་མ་ཟད། ཚོང་གཉེར་གྱི་ཡོང་སྒོ་དང་སྣེ་ལེན་བྱེད་ཚད་ཇེ་མང་དུ་སོང་། དེས་མཚོ་སྔོན་གྱི་གནས་སྐོར་ཚོང་ཁྲོམ་གྱི་སྦས་ཤུགས་སྔར་བས་ཆེ་ཞིང་རྨང་གཞིའི་སྒྲིག་བཀོད་དང་སྡེབ་སྒྲིག་སྒྲིག་བཀོད་ཀྱི་དགོས་མཁོ་སྔར་བཞིན་ཇེ་ཡངས་སུ་སོང་བ་གསལ་པོར་ཤེས་ཐུབ།
2016ལོར། མཚོ་སྔོན་གྱི་གནས་སྐོར་ལས་རིགས་ལ་མཚོན་ནས་བཤད་ན་དོན་སྙིང་ཤིན་ཏུ་ཆེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་དང་སྐུལ་འདེད་བྱས་པས། ཞིང་ཆེན་གནས་སྐོར་ཅུས་ནི་ཞིང་ཆེན་གནས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དུ་རིམ་པ་སྤར་བ་དང་། ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་ནས་རྩ་འཛུགས་ལས་ཁུངས་སུ་བསྒྱུར། དེའི་དམིགས་ཡུལ་ནི་འགན་ནུས་ལས་ཁུངས་ཀྱི་ཕྱོགས་བསྡུས་མཐུན་སྦྱོར་གྱི་འགན་ནུས་ཇེ་དྲག་ཏུ་བཏང་སྟེ། རང་ཞིང་གི་གནས་སྐོར་ལས་རིགས་བཟང་ཞིང་མགྱོགས་པ་དང་། ཁྱོན་ཡོངས་ནས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་རྒྱུ་དེ་རེད།
ཡུན་རིང་ཞིག་ཏུ་རང་ཞིང་གི་སྲིད་གཞུང་དང་ཚོང་ཁྲོམ་བར་གྱི་འགལ་འཛོལ་གྱི་མི་འདང་ས་ཁ་གསབ་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་ད་རུང་མཚོ་སྔོན་གནས་སྐོར་དངུལ་གཏོང་ཚོགས་པ་བཙུགས་པ་དང་། དེར་མ་ཟད་གནས་སྐོར་ཐོན་ལས་ཡར་སྐུལ་ཐེབས་རྩ་བཙུགས་ཤིང་། དེ་ཡིས་རང་ཞིང་གི་གནས་སྐོར་ཐོན་ཁུངས་གསར་སྤེལ་ཇེ་མགྱོགས་སུ་གཏོང་ཐུབ་པ་དང་། ཡུན་རིང་དུ་ཤུགས་རྐྱེན་ཐེབས་པའི་རང་ཞིང་གི་གནས་སྐོར་འཕེལ་རྒྱས་ལ་མ་དངུལ་གྱིས་མི་འདང་བའི་གནད་དོན་ཐག་གིས་བཅད། ཚོང་ཁྲོམ་ནང་རྐྱེན་ལ་བརྟེན་ནས་དངུལ་རྩ་དང་མ་དངུལ་ཚོང་ཁྲོམ་ལ་མཉམ་ལས་བྱེད་ཚད་ཇེ་ཆེར་བཏང་སྟེ། རང་ཞིང་གི་གནས་སྐོར་འཕེལ་རྒྱས་ལ་འཚམ་པའི་ཕན་ལྡན་དངུལ་གཏོང་གི་ལམ་བུ་ཞིག་འཚོལ་སྙེག་བྱས།
2016ལོར། རང་ཞིང་གི་གནས་སྐོར་ལས་རིགས་ཀྱི་གཞི་རིམ་ལས་ཁུངས་དང་མི་སྒེར་གྱིས་འབད་བརྩོན་གྱིས་བྱ་བ་བསྒྲུབས་པས། རྒྱལ་ཁབ་གནས་སྐོར་ཅུས་ཀྱིས་ཁས་ལེན་ཐོབ་པ་སྟེ། ཆི་ལེན་རྫོང་གནས་སྐོར་ཅུས་དང་ཚྭ་ཁ་ཚྭ་མཚེའུ་རིག་གནས་གནས་སྐོར་ཚད་ཡོད་ཀུང་སི། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་གནས་སྐོར་ཅུས་ཀྱི་ཅུས་ཀྲང་ཞེ་ཧའོ་ཁྲིན། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཧོར་རིགས་ནཱ་ཏོན་རིག་གནས་གནས་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ཧྲི་ཏུང་ཧྭ། ཁྲི་ཀའི་ཐེན་ཏི་རིན་ཡོན་རིག་གནས་གནས་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ལ་ཧའེ་ཆིང་བཅས་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་ཐོབ་པར་མ་ཟད། མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་བསྡུས་པའི་བྱ་དགའ་གནང་བའི་མཛད་སྒོར་ཞུགས།
2016ལོར། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་གནས་སྐོར་འཕེལ་རྒྱས་ཐད་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། གནས་སྐོར་ཕན་འབྲས་མུ་མཐུད་དུ་ཇེ་བཟང་དུ་འགྲོ་བཞིན་ཡོད། སྡེ་ཁག་སོ་སོ་དང་ཐོན་ལས་སོ་སོ་གནས་སྐོར་ལས་རིགས་དང་སྦྲེལ་བའི་རྣམ་པ་གསར་བ་དང་སྣང་ཚུལ་གསར་བ། འགྱུར་ལྡོག་གསར་བ་བཅས་བྱུང་། རོང་འབྲོག་པ་རྣམས་གནས་སྐོར་གྱི་ལས་ལ་ཞུགས་ཤིང་གནས་སྐོར་འཕེལ་རྒྱས་བྱེད་པའི་ཧུར་བརྩོན་རང་བཞིན་སྔར་བས་ཆེས་ཆེར་འཕར་བ་དང་། དམངས་ཁྲོད་དུའང་གནས་སྐོར་ཐད་མ་དངུལ་གཏོང་བའི་ཚད་ཤིན་ཏུ་ཆེ།
ཆ་ཚང་མིན་པའི་སྡོམ་རྩིས་ལྟར་ན། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་གནས་སྐོར་ལས་གཞིའི་ཐད་མ་དངུལ་སྒོར་དུང་ཕྱུར་གྱ་བཞི་བཏང་བ་དང་། དེ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་ལོ་ངོ་བཞིར་བཏང་བའི་མ་དངུལ་གྱི་བསྡོམས་གྲངས་དང་འདྲ་བས། འཕེལ་ཚུལ་ཤིན་ཏུ་དགའ་འོས་པ་ཞིག་རེད། སྤྱི་ཚོགས་ཡོངས་ཀྱིས་གནས་སྐོར་ཇུས་འགོད་དང་གནས་སྐོར་དམ་འཛིན། གནས་སྐོར་ཡར་སྐུལ་བྱེད་པའི་ངང་ཚུལ་གྱིས་ས་ཁོངས་ཡོངས་ཀྱི་གནས་སྐོར་མཚོ་སྔོན་དུ་ལག་ལེན་བྱེད་པའི་ངོ་མཚར་བསྐྲུན་བཞིན་པའི་སྒང་། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།