ཟླ2ཚེས20ཉིན། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་ཟི་ལིང་གྲོང་ཁྱེར་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཕྱོགས་གསུམ་པའི་གདེང་འཇོག་ཚོད་རྩིས་ཚན་ཆུང་གིས་དཔྱད་བསྡུར་དང་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། མཚོ་ནུབ་ཁུལ་གྱི་དབུལ་ཕོངས་གྲོང་ཁྱེར་དང་རྫོང་། སྲིད་འཛིན་ཨུ་ཡོན་ལྷན་ཁང་དགུ་ཡི་དབུལ་ཕོངས་སྡེ་བ་ཆིག་བརྒྱ་བཅུ་དགུ་དང་དབུལ་ཕོངས་ཁྱིམ་ཚང་སྟོང་གཉིས་ལྔ་བརྒྱ་བརྒྱད་ཅུ། དབུལ་ཕོངས་མི་གྲངས་སྟོང་དྲུག་ཆིག་བརྒྱ་ཉེར་གཉིས་བཅས་ཚང་མ་དབུལ་ཕོངས་ལས་ཐར་ཏེ། ཐོག་མར་ཞིང་ཆེན་ཡོངས་ནས་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཕོངས་ལས་ཐར་བ་མངོན་འགྱུར་བྱུང་།
2016ལོར། མཚོ་ནུབ་ཁུལ་གྱིས་བསྡོམས་པས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཅུ་ལྷག་བཏང་ཏེ། ཐོན་ལས་འཕེལ་རྒྱས་དབུལ་སྐྱོར་དང་མ་མཐའི་འཚོ་བ་འགན་སྲུང་། སྨན་བཅོས་རོགས་སྐྱོབ། སློབ་གསོའི་དབུལ་ཐར། སྐྱེ་ཁམས་སྲུང་སྐྱོབ་དང་ཞབས་ཞུ་བཅས་འདུས་པའི་སྐོར་གཅིག་ཅན་བརྒྱད་ཀྱི་གནད་ཕིགས་དབུལ་སྐྱོར་བཟོ་སྐྲུན་ལག་བསྟར་བྱས་ཤིང་། འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས་སོགས་ལས་རིགས་སྡེ་ཁག་བཅུ་ཡི་ཁྱད་སྟོབས་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཐད་ལས་གཞི་ཅན་དང་དམིགས་འབེན་ཅན། གཞི་གྲངས་ཅན་བཅས་ཀྱི་དོ་དམ་ལག་བསྟར་བྱས།
ལོ་གཅིག་གི་རིང་ལ། ལས་རིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག་བཏང་ཏེ། གཞུང་ལམ་ཤར་གཏོང་དང་རོང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུ་དང་གློག ཁང་རྙིང་བསྒྱུར་བཀོད། རིག་གནས་དམངས་ཕན་སོགས་ལས་གཞི་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་དབུལ་ཕོངས་སྡེ་བའི་རྨང་གཞི་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས། ཁུལ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་སྟོང་གཉིས་ལྔ་བརྒྱ་ཡི་མི་གྲངས་སྟོང་དྲུག་ཆིག་བརྒྱ་ཉེར་གཉིས་ཀྱི་མི་རེའི་ལོ་གཅིག་གི་ཆ་སྙོམས་ཡོང་སྒོ་དེ་སྒོར་ཁྲི་གཅིག་ལྷག་ཏུ་བསླེབས།
གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། མཚོ་ནུབ་ཁུལ་གྱི་ཁུལ་དཔོན་གཞོན་པ་དབྱང་ཡོའུ་ཀྲི་ཡིས་ངོ་སྤྲོད་བྱས་དོན། 2016ལོའི་ཟླ11ཚེས16ཉིན་ནས་ཟླ12ཚེས30ཉིན་བར། «མཚོ་སྔོན་ཞིང་ཆེན་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་སྡེ་བ་མེད་པར་བཟོ་བ་དང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་ལག་བསྟར་ཇུས་གཞི»ལྟར། མཚོ་ནུབ་ཁུལ་ཏང་ཨུས་ཀྲུང་གོ་ཞིང་ལས་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་བཟོ་སྐྲུན་བློ་འདྲི་ལྟེ་གནས་བཅས་ཀྱིས་བཙུགས་གྲུབ་པའི་ཕྱོགས་གསུམ་པའི་གདེང་འཇོག་ཚོད་རྩིས་ཚན་ཆུང་ལ་མཚོ་ནུབ་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ལ་ཕྱོགས་གསུམ་པའི་གདེང་འཇོག་ཚོད་རྩིས་བྱེད་རྒྱུའི་མངགས་བཅོལ་བྱས།
གདེང་འཇོག་ཚོད་རྩིས་གྲུབ་འབྲས་ལས་མངོན་པ་ལྟར་ན། 2016ལོར་མཚོ་ནུབ་ཁུལ་གྱིས་གནད་ཕིགས་དབྱེ་འབྱེད་བྱས་པའི་དབུལ་ཕོངས་མི་གྲངས་མི་རེའི་ལོ་རེའི་ཡོང་འབབ་བརྟན་བརླིང་ངང་སྒོར་སྟོང་བཞི་ལས་བརྒལ་བ་དང་། ཚང་མར་སྡོད་ཁང་གསར་བ་ཡོད་པ་དང་། ཚང་མ་གྲོང་ཁྱེར་དང་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་གཞི་རྩའི་རྒན་གསོ་ཉེན་ཚབ་ཁྲོད་ཞུགས་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག འོས་འགན་སློབ་གསོའི་དུས་རིམ་གྱི་དབུལ་ཕོངས་སློབ་མ་སློབ་ཤོར་བྱུང་མེད་པ་མ་ཟད། ལས་རིགས་སློབ་གསོའམ་ལས་རིགས་ནུས་རྩལ་གསོ་སྦྱོང་ཁྲོད་ཞུགས་ཐུབ་པ་བྱུང་ཡོད།
དབུལ་ཕོངས་ལས་ཐར་བའི་མི་གྲངས་ཀྱིས་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་ལ་ཡིད་ཚིམ་ཚད་བརྒྱ་ཆའི་གོ་དགུ་ལྷག་ཟིན་པ་དང་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་ཚད་བརྒྱ་ཆའི་བརྒྱ་ཟིན་ཡོད་ཅེས་ཕྱོགས་གསུམ་པའི་གདེང་འཇོག་ཚོད་རྩིས་ཚན་ཆུང་གི་འགན་འཁུར་པ། ཀྲུང་གོ་ཞིང་ལས་སློབ་ཆེན་མི་ཆོས་འཕེལ་རྒྱས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིག་ཡུང་ཀུང་གིས་དེ་ལྟར་བཤད་བྱུང་། གདེང་འཇོག་ཚོད་རྩིས་ཚན་ཆུང་གིས་བཞུགས་མོལ་དང་བཅར་འདྲི། ཁྱིམ་ཚང་དུ་བརྟག་དཔྱད་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ། གདེང་འཇོག་ཞིབ་བཤེར་གྱི་དཔེ་དབྱིབས་སྐོང་འདེམས་བྱེད་ཚད་དབུལ་ཕོངས་སྡེ་བ་ཆིག་བརྒྱ་བཅུ་དགུ་དང་དབུལ་ཕོངས་མི་གྲངས་ཆིག་སྟོང་སུམ་བརྒྱ་ཉེར་གཅིག་ལ་ཡོངས་སུ་ཁེབས་པ་དང་། དབུལ་བོ་མིན་པའི་སྡེ་བ་སྐབས་བསྟུན་སྐོང་འཐེན་བྱེད་པའི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུ་ལས་མི་དམའ་བའི་བྱེད་ཐབས་སྤྱད་ནས་གདེང་འཇོག་ཚོད་རྩིས་བྱས་པས། གདེང་འཇོག་ཚོད་རྩིས་ཀྱི་མཇུག་འབྲས་དེ་དངོས་ཡོད་དང་ཚན་རིག་དང་མཐུན་པ་རེད།
གཞན་ཡང་ཕྱོགས་གསུམ་པའི་གདེང་འཇོག་ཚོད་རྩིས་བྱས་པ་ལས་ཤེས་པ་ལྟར་ན། དབུལ་ཕོངས་ཁྱིམ་ཚང་གིས་ཐོན་ལས་གདམ་རྩིས་བྱེད་དཀའ་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཞན་པ། རྨང་གཞི་སྒྲིག་ཆས་ཀྱིས་སྔར་བཞིན་དབུལ་ཕོངས་སྡེ་བའི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་པར་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རིམ་པ་འཕར་སྣོན་བྱེད་པར་སྔར་བཞིན་གནད་དོན་མི་ཉུང་བ་འཕྲད་ཡོད།
དབྱང་ཡོའུ་ཀྲི་ཡིས་བཤད་རྒྱུར། གནད་དོན་འདི་ལ་དམིགས་ཏེ། གོམ་རིམ་རྗེས་མར་རྫོང་དབུལ་བོའི་ཞྭ་མོ་ཕུད་པ་དང་། སྡེ་བ་དབུལ་བོ་དབུལ་ཕོངས་ལས་ཐར་བ། ཁྱིམ་ཚང་དབུལ་པོ་དབུལ་ཕོངས་ལས་ཐར་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་སྲིད་ཇུས་གཏན་འཁེལ་འགྲེམ་སྤེལ་བྱེད་རྒྱུ་མ་ཟད། ད་དུང་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་དབུལ་པོའི་མཚམས་ཀྱི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱང་འཚོལ་ཞིབ་བྱེད་རྒྱུ་ཡིན། དེ་དང་ཆབས་ཅིག རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཞིང་སྡེའི་རྨང་གཞི་སྒྲིག་ཆས་ཐད་ཀྱི་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་ཆིག་བརྒྱ་ལྷག་དངོས་འབེབས་བྱེད་པར་མཐུན་སྦྱོར་བྱས་ཏེ། དབུལ་ཕོངས་སྡེ་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་མ་ཟད། དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་ནུས་ཡོད་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པར་མ་ཟད། དཔེ་སྟོན་དང་མིག་དཔེའི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།
2016ལོར་མཚོ་ནུབ་ཁུལ་གྱིས་བསྡོམས་པས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཅུ་ལྷག་བཏང་ཞིང་། དེའི་ནང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་དང་། ལས་རིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག དངུལ་རྩའི་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་གཅིག་ལྷག སྤྱི་ཚོགས་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གཉིས་ལྷག་བཅས་ཡོད། སྡོམ་རྩིས་བྱས་པ་ལྟར་ན། ཁུལ་ཡོངས་ཀྱི་ཁྱིམ་ཚང་སྟོང་གཉིས་ལྔ་བརྒྱ་ལྷག་གི་དབུལ་ཕོངས་མི་གྲངས་སྟོང་དྲུག་ཆིག་བརྒྱ་ཉེར་གཉིས་ཀྱི་ལོ་འཁོར་གྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་ཏུ་བསླེབས་ཏེ། ཞིང་ཆེན་རིམ་པའི་དམིགས་འབེན་སྒོར་སུམ་སྟོང་སུམ་བརྒྱ་བཅུ་དྲུག་ལས་བརྒྱ་ཆའི་སུམ་བརྒྱ་བཅུ་དྲུག་དང་། ཁུལ་རིམ་པའི་དམིགས་འབེན་སྒོར་སྟོང་བཞི་ལས་བརྒྱ་ཆའི་ཉིས་བརྒྱ་རེ་གཉིས་ཡིས་མཐོ་བ་ཡོངས་འགྲུབ་བྱས་ཤིང་། དབུལ་ཕོངས་སུ་གྱུར་ཚད་དེ2010ལོའི་བརྒྱ་ཆའི་སུམ་ཅུ་ལྷག་ནས2016ལོའི་ལོ་མཇུག་ཏུ་གཅིག་ཀྱང་མེད་པ་མངོན་འགྱུར་བྱུང་།
མཚོ་ནུབ་ཁུལ་གྱིས་མགོ་ཁྲིད་ཀྱིས་མཐོང་ཆེན་དང་སྡེ་ཁག་གིས་འགན་གཙང་ལེན། ལས་བྱེད་པས་རོགས་སྐྱོར། དབུལ་ཕོངས་ཁྱིམ་ཚང་འཕེལ་རྒྱས་བཅས་ཀྱི་སྟོབས་ཤུགས་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་གཞི་དང་མ་དངུལ། འཇོན་མི་སོགས་ཀྱི་ཐོན་ཁུངས་དེ་ཆེད་དམིགས་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་བཀོད་སྒྲིག་བྱས།
གནས་སྤོར་དབུལ་སྐྱོར་ཕྱོགས་སུ། མ་དངུལ་སྒོར་བྱེ་བ་བདུན་ལྷག་བཏང་ཏེ། ཁྱིམ་ཚང་སྟོང་གཅིག་ལྷག་གི་མི་སྟོང་གསུམ་དང་བདུན་གནས་སྤོར་བཀོད་སྒྲིག་བྱས།
ཐོན་ལས་འཕེལ་རྒྱས་ཕྱོགས་སུ། གནས་སྐོར་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་བཏང་ཏེ། ཁྱིམ་ཚང་ལྔ་བརྒྱ་བཅུ་གསུམ་གྱི་མི་སྟོང་གཅིག་བཞི་བརྒྱ་བཅུ་བདུན་ལ་ཕན་ཁེ་ཐོབ། བྱས་འབྲས་དཔྱད་ཞིབ་མ་དངུལ་སྒོར་བྱེ་བ་གཅིག་བཏང་ཏེ། དྲོད་ཁང་བསྒྱུར་བཀོད་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ཁྱིམ་ཚང་ཆིག་སྟོང་ལྷག་གི་མི་ཉིས་སྟོང་ལྔ་བརྒྱ་ང་དགུ་ལ་ཕན་ཁེ་ཐོབ། དབུལ་ཕོངས་སྡེ་བ་བརྒྱ་དང་བཅུ་དགུ་ལ་དབུལ་སྐྱོར་རོགས་རེས་མཐུན་ཚོགས་བཙུགས་ཏེ། དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་གིས་ཐོན་སྐྱེད་གོང་དུ་སྤེལ་བར་རོགས་སྐྱོར་བྱས་པས། དབུལ་ཕོངས་ཁྱིམ་ཚང་སྟོང་ལྔ་བདུན་བརྒྱ་ལྷག་གི་མི་ཁྲི་གཅིག་སྟོང་བདུན་དགུ་བརྒྱ་ལྷག་ལ་ཕན་ཁེ་ཐོབ།
རྒྱུ་ནོར་གྱི་ཕན་ཁེ་ཐོབ་ཚད་ཕྱོགས་ནས། ཐོན་ལས་འཕེལ་རྒྱས་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དགུ་ལྷག་ཚྭ་འདམ་གཞོང་ཞིང་ལས་ཚོང་ལས་དངུལ་ཁང་དང་ཁེ་ལས་ཀུང་ཟི། མཉམ་ལས་ཁང་སོགས་སུ་མ་རྐང་དུ་བཞག་ཏེ། དབུལ་ཕོངས་མི་གྲངས་སྟོང་གསུམ་ལྷག་ལ་ཕན་ཁེ་ཐོབ། ཁུལ་རིམ་པའི་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་ལྔ་དང་། ནུབ་རྒྱུད་ཀྱི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གསུམ་གྱི་ཤར་ཕྱོགས་ས་ཁུལ་གྱི་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དེ། ཚོང་ཁང་ཉོ་བ་དང་། ཁེ་ལས་དང་ཡང་ན་མཉམ་ལས་ཁང་གི་མ་རྐང་དུ་བཞག་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་བཀོལ།
གནས་སྤོར་ལས་ཞུགས་ཕྱོགས་ནས། མི་སྟོང་གཉིས་སུམ་བརྒྱ་གྱ་བརྒྱད་སྤྱི་ཕན་རང་བཞིན་གྱི་ལས་རྐང་དང་ཁེ་ལས་སོགས་སུ་ལས་ཀ་བཀོད་སྒྲིག་བྱས་ཤིང་། ཟླ་རེའི་གླ་ཕོགས་སྟོང་གཅིག་ཉིས་བརྒྱ་ནས་སྟོང་གསུམ་བར་རེད།
སྨན་བཅོས་རོགས་སྐྱོར་ཕྱོགས་ནས། མ་དངུལ་སྒོར་ས་ཡ་གསུམ་འབུམ་བཞི་ཁྲི་བརྒྱད་ལྷག་བཏང་ཏེ་ཚད་གཞིར་མ་བསླེབས་པའི་དབུལ་ཕོངས་སྡེ་བའི་འཕྲོད་བསྟེན་ཁང་དང་གཞུང་ལས་ཁང་དེ་མིན་སྨན་བཅོས་སྒྲིག་ཆས་ཕྱོགས་སུ་ཁ་གསབ་བྱས་པ་དང་། སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ས་ཡ་བཞི་འབུམ་ལྔ་ཁྲི་བརྒྱད་ལྷག་བཏང་།
སློབ་གསོའི་དབུལ་སྐྱོར་ཕྱོགས་ནས། དཀའ་ཁག་ཆེ་བའི་སློབ་མ་ཉིས་བརྒྱ་བཅུ་དགུ་ལ་ཡིག་ཚགས་དང་བྱང་བུ་ལས་པ་དང་། དཀའ་ཁག་ཆེ་བའི་སློབ་གྲྭ་ཆེན་མོ་བ་དང་ལས་རིགས་སློབ་གྲྭའི་སློབ་མ་སུམ་བརྒྱ་དང་ང་ལྔས་དྲ་ཐོག་ནས་མིང་ཐོ་འགོད་པར་དཔྱད་ཞིབ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་སློབ་མ་སུམ་བརྒྱ་བཅུ་གཉིས་ལ་མ་དངུལ་སྒོ་ས་ཡ་གཉིས་འབུམ་གཉིས་སྟོང་དྲུག་ལྷག་ཁ་གསབ་བྱས།
མ་མཐའི་འཚོ་བ་འགན་སྲུང་གི་ཕྱོགས་ནས། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་སྒོར་སུམ་སྟོང་སུམ་བརྒྱ་བཅུ་དྲུག་ནས་སྒོར་སྟོང་བཞིར་ཇེ་མཐོར་བཏང་ཞིང་། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ཡོངས་ཀྱིས་མ་མཐའི་འཚོ་བ་འགན་སྲུང་གི་སྲིད་ཇུས་ལོངས་སུ་སྤྱད།
སྐྱེ་ཁམས་སྲུང་སྐྱོབ་དང་ཞབས་ཞུ་ཕྱོགས་ནས། ནགས་ལས་སྐྱེ་ཁམས་ལྟ་སྲུང་པ་དགུ་བརྒྱ་སོ་ལྔ་དང་། རྩྭ་ས་སྲུང་སྐྱོབ་པ་ཆིག་བརྒྱ་བཞི་བཅུ་བཀོད་སྒྲིག་བྱས་ཏེ། གླ་ཕོགས་རང་བཞིན་གྱི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་དྲུག་འབུམ་བཞི་ལྷག་བཏང་ཞིང་། མི་རེའི་ཆ་སྙོམས་ཟླ་རེའི་གླ་ཕོགས་སྒོར་ཆིག་སྟོང་ཉིས་བརྒྱ་ནས་སྒོར་སུམ་སྟོང་བར་རེད།
མཚོ་ནུབ་ཁུལ་གྱིས་འགྲིམ་འགྲུལ་དང་ཆུ་བེད། གློག་ཤུགས་སོགས་ལས་རིགས་སྡེ་ཁག་བཅུ་ཡི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བར་ལས་གཞི་ཅན་དང་དམིགས་འབེན་ཅན། གཞི་གྲངས་ཅན་བཅས་ཀྱི་དོ་དམ་བྱེད་ཐབས་སྤྱད་པ་དང་། མ་དངུལ་ཧྲིལ་བསྡུས་བྱས། ལོ་གཅིག་གི་རིང་ལ། ལས་རིགས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་བཞི་ལྷག་བཏང་ཏེ། རོང་འབྲོག་ཁུལ་གྱི་ཆུ་གློག་ལམ་གསུམ་འཛུགས་སྐྲུན་དང་ཁང་རྙིང་བསྒྱུར་བཀོད། རིག་གནས་དམངས་ཕན། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་དབུལ་ཕོངས་སྡེ་བའི་རྨང་གཞི་སྒྲིག་ཆས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་བྱས།
འགྲིམ་འགྲུལ་ཕྱོགས་སུ། མ་དངུལ་སྒོར་དུང་ཕྱུར་གཉིས་ལྷག་བཏང་ཏེ། སྲིད་འཛིན་སྡེ་བ་སོ་གསུམ་གྱི་གཞུང་ལམ་བཟོ་སྐྲུན་ལག་བསྟར་བྱས་ནས། དབུལ་ཕོངས་སྡེ་བའི་མི་གྲངས་སྟོང་བདུན་ཆིག་བརྒྱ་ལྷག་ལ་ཕན་ཁེ་ཐོབ།
ཆུ་བེད་ཕྱོགས་སུ། མ་དངུལ་སྒོར་བྱེ་བ་ལྔ་ལྷག་བཏང་ཏེ། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་བཟོ་སྐྲུན་ལག་བསྟར་བྱས་ནས། མི་ཁྲི་བཞི་སྟོང་དགུ་ལྷག་ལ་ཕན་ཁེ་ཐོབ།
རིག་གནས་དམངས་ཕན་ཕྱོགས་སུ། མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་ཏེ། དབུལ་ཕོངས་སྡེ་བ་སོ་གསུམ་གྱི་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ལས་གཞི་ལག་བསྟར་བྱས་ཤིང་། མ་དངུལ་སྒོར་བྱེ་བ་གསུམ་ལྷག་བཏང་ཏེ། རྒྱང་སྒྲོག་བརྙན་འཕྲིན་གྱི་སྡུད་གཏོང་ས་ཚིགས་སོ་གསུམ་བཙུགས། མ་དངུལ་སྒོར་འབུམ་དྲུག་བཏང་ཏེ་དབུལ་ཕོངས་སྡེ་བ་བཅུ་གཉིས་ཀྱི་ཞིང་པའི་ལུས་སྦྱོང་བཟོ་སྐྲུན་ལས་གཞི་ལག་བསྟར་བྱས། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སུམ་བརྒྱ་ཉེར་གཅིག་སྤེལ་བ་དང་། མང་ཚོགས་མི་ཐེངས་འབུམ་ལྔ་ཙམ་ལ་ཞབས་ཞུ་བྱས།
སྨན་བཅོས་འཕྲོད་བསྟེན་ཕྱོགས་སུ། མ་དངུལ་སྒོར་ས་ཡ་གསུམ་འབུམ་བཞི་བཏང་ཏེ་དབུལ་ཕོངས་སྡེ་བ་རེ་བརྒྱད་ཀྱི་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ལེགས་བཅོས་བྱས།
གློག་རྡུལ་ཚོང་དོན་ཕྱོགས་སུ། མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བཞི་ལྷག་བཏང་ཏེ། ཏུའུ་ལན་རྫོང་དང་བུའུ་ལན་རྫོང་དུ་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་གཉིས་བཙུགས་པ་དང་། མ་དངུལ་སྒོར་ས་ཡ་གཉིས་འབུམ་བརྒྱད་ལྷག་བཏང་ཏེ་དབུལ་ཕོངས་སྡེ་བ་སོ་གཅིག་ལ་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཞུ་བྱེད་ས་བཙུགས།
དངུལ་རྩའི་ཕྱོགས་སུ། དངུལ་རྩའི་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་གཅིག་བྱེ་བ་དགུ་ལྷག་དངོས་འབེབས་བྱས།
ལོ་ཙཱ་བ། སྒྲོལ་མ་སྐྱིད།