མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་འགུལ་སྤེལ་ཏེ་ཐོག་མའི་འབྲས་བུ་བླངས་པ།
2017.03.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 26

གུང་ཧོ་རྫོང་ཆོས་རྗེ་ཞང་མཆོད་རྟེན་སྡེ་བ་ནི་བོད་རིགས་མང་བའི་ཕྱུགས་ལས་སྡེ་བ་ཞིག་ཡིན་ལ། ཁྱིམ་མཚེས་ཀྱི་ཞིན་ཚོན་སྡེ་བ་ནི་རྒྱ་རིགས་མང་བའི་ཞིང་ལས་སྡེ་བ་ཞིག་རེད། མི་རིགས་མཐུན་སྒྲིལ་ནི་སྡེ་བ་དེ་གཉིས་ཀྱི་བར་དུ་ཁྱིམ་མཚེས་འཆམ་མཐུན་ཡོང་བ་ཙམ་ཁོ་ན་མ་ཡིན་པར། སྡེ་བ་གཉིས་ཀྱི་འཕེལ་རྒྱས་ལ་འབྲེལ་བ་ཟབ་མོ་ཡོད་པའི་ཟམ་པ་ལྟ་བུར་གྱུར་ཡོད།

ལོ་རེའི་སྟོན་བསྡུའི་དུས་ལ་སླེབས་དུས། སྡེ་བ་གཉིས་ཀྱི་སྡེ་དམངས་རྣམས་མ་གྲོས་རང་མཐུན་སྒོས་མཉམ་དུ་འཛོམས་པ་དང་། མཆོད་རྟེན་སྡེ་བའི་སྡེ་དམངས་ཀྱིས་རང་ཁྱིམ་གྱི་ནོར་ལུག་དེད་ཡོང་ནས་ཞིན་ཚོན་སྡེ་བའི་འབྲུ་རིགས་ལ་བརྗེ་བཞིན་ཡོད། དེ་ལྟར་དུས་ཡུན་རིང་པོ་འགོར་རྗེས། སྡེ་བ་དེ་གཉིས་ཀྱི་མཐུན་སྒྲིལ་གྱི་རྨང་གཞི་ནི་ཕན་ཚུན་ཉོ་ཚོང་གི་ཁྲོད་ནས་སྲ་བརྟན་དུ་གྱུར།

མཆོད་རྟེན་སྡེ་བའི་ཀྲུའུ་རིན་ཕུན་ཚོགས་ཀྱིས “ཚོང་ཁྲོམ་ཆུང་ཆུང་འདི་ཆགས་ནས་ལོ་མང་པོ་འགོར་སོང་། སྡེ་བ་གཉིས་བར་གྱི་མི་འདང་ས་ཕན་ཚུན་ཁ་གསབ་བྱས་པར་མ་ཟད། ད་དུང་སྡེ་བ་གཉིས་ཀྱི་སྡེ་དམངས་ཁྲོད་ལ་ཕན་ཚུན་མཐུན་སྒྲིལ་རོགས་རམ་གྱི་སྲོལ་བཟང་ཞིག་ཀྱང་ཆགས་འདུག”ཅེས་བཤད།

མཆོད་རྟེན་སྡེ་བའི་རྟ་ལོ་ནི་ཕྱུགས་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་འབྲོག་པ་ཞིག་རེད། ལོ་རེར་ཁོས་རང་ཁྱིམ་གྱི་རྩྭ་སའི་སྟེང་རིན་མི་ལེན་པར་སྡེ་གསར་སྡེ་བའི་ལུག་སུམ་བརྒྱ་ལྷག་འཚོ་བ་དང་། སྟོན་ཁར་སྡེ་གསར་སྡེ་བའི་སྡེ་དམངས་ཀྱིས་ཞིང་བྲེག་ཚར་རྗེས་ད་གཟོད་ལུག་ཕྱིར་སྡེ་གསར་སྡེ་བར་སྤྲོད་པ་རེད།

རྟ་ལོས“ང་ཚོ་དབྱར་དགུན་སར་སྤོ་དུས་སྡེ་གསར་སྡེ་བའི་སྡེ་མི་རྣམས་རོགས་བྱེད་དུ་ཡོང་བ་དང་། ཁོ་ཚོས་ཞིང་འབྲེག་དུས་ང་ཚོའང་རོགས་བྱེད་དུ་འགྲོ་བཞིན་ཡོད། ལོ་གསར་དུས་ཆེན་སྐབས་སུའང་ང་ཚོ་ཁོ་ཚོར་སྐམས་ལུག་བཤའ་རོགས་སུ་འགྲོ་བཞིན་ཡོད་པས། ཕན་ཚུན་བར་རོགས་རམ་མང་པོ་བྱེད་ཀྱིན་ཡོད”ཅེས་བཤད། སྡེ་བ་གཉིས་བར་གྱི་ཕན་ཚུན་འགྲོ་འོང་ནས་སྡེ་དམངས་བར་གྱི་ཕན་ཚུན་རོགས་རམ་བརྒྱུད་ནས། མཆོད་རྟེན་སྡེ་བ་དང་སྡེ་གསར་སྡེ་བ་གཉིས་ཀྱིས་མཉམ་དུ་རྒྱ་བོད་མཐུན་སྒྲིལ་འཆམ་མཐུན་འཕེལ་རྒྱས་ཀྱི་ཟམ་པ་ཞིག་འཕངས་ལ། དེས་སྡེ་བ་གཉིས་ཀྱི་འཕེལ་རྒྱས་ལ་ཟིན་བྲིས་བཟང་པོ་ཞིག་བཀོད།

དགུན་མགོའི་དུས་སུ་གསར་འགོད་པ་ཁྲི་ཀ་རྫོང་ཀབ་རོན་གཞོང་ཞང་སྦྲུལ་ལྕེ་སྡེ་བར་ཕྱིན་པ་ན། སྡེ་མི་རྣམས་ཞིང་ཁའི་ལས་ཀར་བྲེལ་བ་དང་། ཁང་པ་ལས་པར་བྲེལ་བ། ཐང་ཆེན་དུ་འདུས་ནས་བག་ཕེབས་ངང་བསྡད་ཡོད་པས། བདེ་ཞིང་སྐྱིད་ལ་མི་རིགས་འཆམ་མཐུན་གྱི་ཞིང་སྡེའི་རྣམ་པ་བཟང་པོ་ཞིག་མངོན་འདུག

སྦྲུལ་ལྕེ་སྡེ་བའི་ནང་རྒྱ་རིགས་སྡེ་མི་མང་པོ་མེད་རུང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་ཚང་མས་བཤད་ཐུབ།“སྡེ་བའི་ནང་གི་ཧོས་རིགས་ཚོང་བ་ཞིག་གིས་ལོ་རེར་སྡེ་བའི་རྒྱ་རིགས་རྒན་རྒོན་ལ་རོགས་རམ་བྱེད་བཞིན་ཡོད།”“ཁོས་ལོ་གསར་དུས་ཆེན་སྐབས་སུ་ལུག་ཤ་ཁྱེར་ནས་ང་ཚོར་འཚམས་འདྲི་ཡོང་བ་དང་། སུ་ཚང་ལ་དཀའ་ངལ་ཡོད་ན་ཁོས་དུས་ཐོག་ཏུ་རོགས་རམ་བྱེད་ངེས་ཡིན།” གནས་ཚུལ་དེ་ལྟ་བུ་ནི་སྡེ་བ་དེར་རྒྱུན་ལྡན་དུ་གྱུར་ཡོད།

ཁུར་པན་དུས་ཆེན་སོགས་གྲངས་ཉུང་མི་རིགས་ཀྱི་དུས་ཆེན་སྐབས་སུ་རྒྱ་རིགས་སྡེ་མི་ཚོ་ཧོས་རིགས་ཚང་དུ་སོང་ནས་རྟེན་འབྲེལ་ཞུ་བ་དང་། ལོ་རེའི་ལོ་གསར་སོགས་རྒྱ་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྐབས་སུ་ཧོས་རིགས་མང་ཚོགས་ཀྱང་རྒྱ་རིགས་དང་མཉམ་དུ་འཛོམས་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་ཁ་བརྡ་སྣ་ཚོགས་བྱེད། བྱིས་པ་རྣམས་མཉམ་དུ་རོལ་རྩེད་བྱེད་པ་དང་མཉམ་དུ་འཚར་ལོངས་འབྱུང་བཞིན་ཡོད།

ཁྲི་ཀ་རྫོང་གི་ལྷོ་ཕྱོགས་སུ་གནས་པའི་མི་རིགས་ཞང་གྲོང་འདིའི་ཞང་ཡོངས་ཀྱི་མི་འབོར་ལས་བརྒྱ་ཆའི་ང་གཅིག་ཧོས་རིགས་ཀྱིས་ཟིན་ཡོད་པས། ཁུལ་ཡོངས་ཀྱི་ཧོས་རིགས་ཞང་ཁོ་ན་ཡིན། ཏང་གི་མི་རིགས་སྲིད་ཇུས་མཐོ་སྒང་དབུལ་ཕོངས་རི་ཁུལ་དེར་ཇི་ལྟར་ལག་བསྟར་བྱ་དགོས་ཤེ་ན།

“ང་ཚོས་དམངས་འཚོ་བཟོ་འགོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་ལེགས་སྒྲུབ་དངོས་སྒྲུབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་བྱ་བ་དེ་སྡེ་བ་དང་ཚན་ཆུང་། ཁྱིམ་ཚང་བཅས་སུ་ཡུན་བསྲིང་དགོས”ཞེས་ཀབ་རོན་ཞང་ཏང་ཨུའི་ཧྲུའུ་ཅི་མ་ལིན་ཕུའུ་ཡིས་གྲུབ་འབྲས་དེ་དག་ནི་ཞང་ཡོངས་ཀྱི་མི་རིགས་སོ་སོས་མཐུན་སྒྲིལ་བྱས་པ་ལས་ཐོབ་པའི་འབྲས་བུ་ཡིན་ཟེར།

“མཚོ་ལྷོ་ཁུལ་ལྟ་བུའི་མི་རིགས་མང་བའི་ས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་བ་སྤེལ་ཏེ། འགལ་ཟླ་ཞི་ལྷོད་དུ་གཏོང་བ་དང་། འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་རྨང་གཞི་འཛུགས་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། བྱ་བ་དེ་དག་ལེགས་པར་བསྒྲུབས་ན། ད་གཟོད་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་ནུས་ལྡན་སྒོས་སྐུལ་འདེད་གཏོང་ཐུབ”ཞེས་མཚོ་ལྷོ་ཁུལ་གསར་སྐྲུན་གཞུང་ལས་ཁང་གི་ཆེད་འགན་ཀྲུའུ་རིན་གཞོན་པ་ཚེ་རིང་གིས་དེ་ལྟར་བཤད་དོ། །

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།