2016ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཨན་ཧུའེ་ཞིང་ཆེན་ཧྥུན་དབྱང་རྫོང་ཞའོ་ཀང་སྡེ་བ་རུ་མགོ་འཛིན་མཛད་དེ་ཞིང་སྡེའི་བཅོས་བསྒྱུར་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་གསུང་བཤད་གལ་ཆེན་གནང་སྐབས། ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་མཉམ་དུ་ཞིང་སྡེའི་ཐུན་མོང་རྒྱུ་ནོར་དབང་ཆ་ངོས་འཛིན་པ་ཁྱིམ་ཚང་རེར་དངོས་འབེབས་བྱེད་པ་དང་། མ་རྐང་མཉམ་ལས་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་ཅི་ཐུབ་བྱས་ཏེ། ཞིང་ལས་བདག་གཉེར་མ་ལག་གསར་བ་མྱུར་དུ་ཆགས་སུ་འཇུག་དགོས་ཞེས་བསྟན་མྱོང་།
ལག་ལེན་ལས་ར་སྤྲོད་བྱུང་བ་ནི་རང་ཞིང་གིས2008ལོ་ནས་བཟུང་ལག་ཏུ་བསྟར་བའི་མཚོ་སྔོན་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་ལམ་བུ་ནི་ཧ་ཅང་ཡང་དག་པ་ཞིག་རེད། ཉེ་ལམ་ཞིང་ལས་པུའུ་ཡིས་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག «རྩྭ་སའི་ཕྱུགས་ལས་གོང་དུ་སྤེལ་བའི་མཛུབ་སྟོན་སྐོར་གྱི་བསམ་འཆར»གཏན་འབེབས་བྱས་ནས་བཀྲམ་པར་མ་ཟད། ས་གནས་སོ་སོའི་འཕེལ་རྒྱས་ལ་རིགས་དབྱེ་ནས་མཛུབ་སྟོན་བྱས་པས། རང་ཞིང་ནི་མཚོ་བོད་མཐོ་སྒང་གི་མཐོ་འཁྱག་ས་ཁུལ་གྱི་གྲས་སུ་བཞག་ཡོད་ལ། “སྲོལ་རྒྱུན་ཕྱུགས་ལས་འཕེལ་སྟངས་བསྒྱུར་བར་སྐུལ་འདེད་ཅི་ཐུབ་བྱེད་དགོས་པ”ནན་གྱིས་བསྟན་པ་དང་། “ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་རྩྭ་སའི་ཐོན་ཁུངས་བེད་སྤྱོད་པ་རྨང་གཞི་བྱེད་པ་དང་། ཀུང་སི་དང་མཉམ་ལས་ཁང་། ཁྱིམ་ཚང་ཞིང(ཕྱུགས)ར་སོགས་བདག་གཉེར་གཙོ་གཞི་རིགས་མང་པོ་གསོ་སྐྱོང་བྱེད་པ་བརྒྱུད་དེ། མ་རྐང་ལམ་ལུགས་མཉམ་ལས་ཁང་གཙོ་ཡིན་པའི་གཞི་ཁྱོན་ལྡན་པའི་བདག་གཉེར་བྱེད་སྟངས་འཚོལ་ཞིབ་དང་ལག་བསྟར་བྱེད་པ་དང་། རྩྭ་ས་དང་གཟན་རྩྭ་གཟན་ཆས་རྟེན་གཞི། ཕྱུགས་ཟོག་སོགས་གཞི་རྩའི་ཐོན་སྐྱེད་རྒྱུ་རྐྱེན་ལེགས་བསྒྱུར་བྱས་ཏེ། མཐོ་སྒང་གི་སྐྱེ་ཁམས་ཁྱད་ཆོས་ལྡན་པའི་ཕྱུགས་ལས་འོས་འཚམ་སྒོས་འཕེལ་རྒྱས་སུ་གཏོང་བ”དང་སྡེ་བ་རིམ་པའི་མཉམ་ལས་ཁང་གི“རྩྭ་ས་དང་ཕྱུགས་ཟོག རིགས་རྒྱུད། ངལ་རྩོལ་བཅས་བསྐྱར་དུ་བགོ་བཤའ་རྒྱག་པ་དང་། གཅིག་གྱུར་གྱིས་བཅོས་སྐྱོང་དང་གཅིག་གྱུར་གྱིས་འདེབས་འཛུགས། གཅིག་གྱུར་གྱིས་ཉོ་འཚོང་། གཅིག་གྱུར་གྱིས་སྒྲུབ་པ། གཅིག་གྱུར་གྱིས་བགོ་བཤའ་རྒྱག་པ་བཅས་ཀྱི་གཅིག་གྱུར་ལྔ”ཡི་རྩྭ་སའི་ཕྱུགས་ལས་གོང་དུ་འཕེལ་བའི་དཔེ་དབྱིབས་ངོ་སྤྲོད་བྱས།
མ་རྐང་ལམ་ལུགས་གཙོ་བོ་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་པོས་གོང་དུ་སྤེལ་བ་དང་། རྩྭ་སའི་ཕྱུགས་ལས་འཕེལ་སྟངས་བསྒྱུར་བ་དང་རིམ་པ་སྤར་ཚད་ཇེ་མགྱོགས་སུ་བཏང་ནས། རོང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་ཞིང་། ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། རིམ་པ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་ངེས་པར་ཏང་ཨུ་དང་སྲིད་གཞུང་གིས་བྱ་བ་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་པ་དང་། རང་འགུལ་གྱིས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཡར་ཞུ་བྱས་ནས་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། རང་འགུལ་གྱིས་སྒྲུབ་ཅིང་ཏན་ཏན་ཏིག་ཏིག་གི་བྱ་བའི་སྤྱོད་ཚུལ་དང་ཕུལ་དུ་བྱུང་བའི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། མགོ་ཁྲིད་པ་གཙོ་བོའི་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཐབས་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གིས་སྤྲད་པའི་བྱ་བ་དང་ལས་འགན་སྣ་ཚོགས་ཇི་མ་ཇི་བཞིན་དུ་ནན་འཛིན་དང་དངོས་འབེབས་བྱེད་དགོས།
ཞིང་ཕྱུགས་ལས་ཐོན་སྐྱེད་ནི་ཕྱོགས་བསྡུས་རང་བཞིན་གྱི་བྱ་བ་ཞིག་ཡིན་ལ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་དེ་ཡང་ཕྱོགས་བསྡུས་རང་བཞིན་གྱི་བྱ་བ་ཞིག་ཡིན་པས། ཕྱོགས་སོ་སོའི་དགེ་མཚན་ལྡན་པའི་ནུས་ཤུགས་སྐུལ་སློང་བྱས་ཏེ། མཉམ་འཛིན་མཉམ་གཉེར་དང་བྱ་བའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས། ང་ཚོས་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ་འཕེལ་རྒྱས་བཅོས་བསྒྱུར་དང་ནོར་སྲིད། མི་ཤུགས་དང་སྤྱི་ཚོགས་འགན་སྲུང་། ཚན་རྩལ། ཆུ་བེད། དབུལ་སྐྱོར། གནམ་གཤིས། དངུལ་རྩ་སོགས་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས།
མང་ཚོགས་ཀྱི་ཐོན་སྐྱེད་བརྩོན་སེམས་སྐུལ་སློང་བྱེད་ཅིང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས། མང་ཚོགས་ཁྲོད་དྲིལ་སྒྲོག་དང་སྐུལ་སློང་བྱེད་ཅིང་སྲིད་ཇུས་གསལ་བཤད་དང་མང་ཚོགས་ཀྱི་སྣེ་ཁྲིད་པ་དང་། དོགས་སེལ་དང་འགྲེལ་བཤད་རྒྱག་པ། མང་ཚོགས་ལ་སློབ་གསོ་གཏོང་བ་བཅས་བྱེད་དགོས། གནས་བབ་དང་བསྟུན་ནས་མང་ཚོགས་ལ་བརྩི་འཇོག་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པ་དེ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་དུ་འཇུག་དགོས་ཤིང་མང་ཚོགས་ཀྱི་བརྩོན་སེམས་སྐུལ་སློང་བྱས་ཏེ། ཁོ་ཚོ་རང་རྟོགས་སྒོས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་སུ་འཇུག་དགོས།
མེ་ལུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་དཔེ་སྟོན་མཉམ་ལས་ཁང་ཞིག་ཡིན་པའི་ཆ་ནས་གྲུབ་འབྲས་ཆེན་པོ་བླངས་བ་ནི་གཙོ་བོ་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་བྱེད་པ་དེ་བྱ་དགའ་དང་ཁ་གསབ་གནང་བའི་ནང་རྐྱེན་དང་ཟུང་དུ་སྦྲེལ་ཞིང་། གཞི་གསུམ་འཛུགས་སྐྲུན་དང་ཟུང་དུ་སྦྲེལ་བ། ཚན་རྩལ་གསར་སྐྲུན་དང་ཟུང་དུ་སྦྲེལ་བ། རྨང་གཞིའི་འཛུགས་སྐྲུན་དང་ཟུང་དུ་སྦྲེལ་བ། གནད་ཁེལ་དབུལ་སྐྱོར་དང་ཟུང་དུ་སྦྲེལ་བ། ངལ་རྩོལ་ལྷག་མ་གསོ་སྦྱོང་བྱེད་པ་དང་ཐོན་ལས་གཉིས་པ་དང་གསུམ་པ་གོང་དུ་སྤེལ་བ་དང་ཟུང་དུ་སྦྲེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་ཟུང་དུ་སྦྲེལ་བ་བཅས་བྱས་པས་ཡིན་ལ། ང་ཚོས་སློབ་སྦྱོང་དང་མིག་དཔེར་འཛིན་འོས། དོན་དངོས་དང་སྦྲེལ་ནས་མིག་དཔེ་ཡིས་ཁྲིད་སྟོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
བཅོས་བསྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་གནད་ཐག་གཅོད་ཅི་ཐུབ་བྱེད་དགོས། སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་ནི་མུ་མཐུད་དུ་སྐུལ་འདེད་དང་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། མུ་མཐུད་དུ་གསར་སྐྲུན་བྱེད་པའི་གོ་རིམ་ཞིག་ཡིན་ལ། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བ་ནི་ཞིང་ཕྱུགས་ལས་འཕེལ་རྒྱས་འབྱུང་བའི་རྩ་བ་དང་སྒུལ་ཤུགས་ཀྱང་ཡིན་པས། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་སྐྱེ་ཁམས་ཕྱུགས་ལས་མ་རྐང་ལམ་ལུགས་མཉམ་ལས་ཁང་གཙོ་ཡིན་པའི་ཕྱུགས་ལས་བདག་གཉེར་བྱེད་པའི་མི་སྣ་གསར་བ་གསོ་སྦྱོང་བྱེད་དགོས་པར་མ་ཟད། སྡེ་དཔོན་སློབ་ཆེན་པས་སྣེ་ཁྲིད་དེ་མཉམ་ལས་ཁང་འཛུགས་པའི་ནུས་པ་ཇེ་མཐོར་གཏོང་དགོས། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གསར་སྐྲུན་ཚོད་ལྟ་བྱེད་པར་ཧུར་ཐག་དང་བརྟན་བརླིང་ངང་སྐུལ་འདེད་གཏོང་བ་དང་། ས་ཁོངས་དང་ལས་རིགས་བརྒལ་བའི་མཉམ་ལས་བྱེད་པར་སྐུལ་མ་བཏང་ནས། ཐོན་ཁུངས་རྒྱུ་རྐྱེན་གཙོ་བོ་ལེགས་སྒྱུར་བསྐྱར་སྒྲིག་བྱེད་པར་སྐུལ་འདེད་བྱེད་ཅིང་བདག་གཉེར་གཞི་ཁྱོན་དང་ཚོང་རའི་འགྲན་ཤུགས་ཇེ་མཐོར་གཏོང་དགོས།
2016ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་འཕར་བ་དང་། དེའི་ཁྲོད་ཐོན་ལས་དང་པོ་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་འཕར་བ་དང་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་བརྒྱ་ཆའི་དགུ་དང་གྲངས་ཆུང་བརྒྱད་འཕར། ཞིང་སྡེའི་སྡོད་དམངས་ཀྱི་ཡོང་སྒོ་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་འཕར་བ་དེ་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་ལས་དམའ་བ་རེད། ཞིང་ཕྱུགས་མ་ལག་གིས་ཞིང་ལས་དར་སྤེལ་དང་། ཞིང་ཕྱུགས་ལས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་ཏན་ཏན་ཏིག་ཏིག་གིས་དངོས་འབེབས་བྱས་ཏེ། བྱེད་ཐབས་དངོས་འབེབས་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་ཁག་ཐེག་ནན་ཏན་བྱས།
ཐོན་ལས་དང་པོ་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་ནི་གནད་ས་ཡིན་ལ་འགག་སྒྲོལ་སའང་ཡིན་པས། རོང་འབྲོག་པའི་སྣེ་ཁྲིད་དེ་གཞི་ཁྱོན་བདག་གཉེར་དང་ཁོངས་སུ་བཞག་ཚད་འཕར་སྣོན་བྱེད་ཅིང་། ཕྱུགས་རྒྱུད་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་དང་། རྣམ་པ་སྣ་ཚོགས་ཀྱི་མངག་ཉོ་ཞིང་ཕྱུགས་ལས་གོང་དུ་སྤེལ་དགོས། སྣེ་ཁྲིད་ཁེ་ལས་ཀྱིས་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་ཞིང་ཕྱུགས་ཐོན་རྫས་ཉོ་འཚོང་བྱེད་པའི་གན་རྒྱ་འཇོག་པར་མ་ཟད། ལུགས་དང་མཐུན་པའི་རིན་གོང་གཏན་འཁེལ་བྱེད་པ་དང་། བརྟན་བརླིང་ཡིན་པའི་རིན་གོང་འབྲེལ་བ་ཆགས་སུ་འཇུག་དགོས། སྐྱེ་ལྡན་ཐོན་རྫས་དང་ཁྱད་ལྡན་ཚོང་རྟགས་ལ་བརྟེན་པ་དང་ཞིང་ཆེན་ཕྱིའི་ཚོང་ར་དང་ཁེ་ལས་བར་མངག་ཉོ་ཞིང་ལས་ཀྱི་འབྲེལ་བ་འཛུགས་པ་དང་། མངག་ཉོ་ཞིང་ལས་ཀྱི་ཉེན་འགོག་བྱེད་སྒོ་འཚོལ་ཞིབ་བྱས་ནས་སྤེལ་དགོས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གསར་སྐྲུན་བྱེད་པའི་ཚོད་ལྟའི་བྱ་བ་འཚོལ་ཞིབ་དང་གོང་དུ་སྤེལ་ནས་མཉམ་འབྲེལ་ཁང་འཕེལ་བར་སྣེ་ཁྲིད་བྱེད་ཅིང་། ཞིང་ཆེན་ཕྱིའི་མཉམ་ལས་རྩ་འཛུགས་དང་མཉམ་འབྲེལ་གྱིས་བདག་གཉེར་བྱེད་པའི་ནང་རྐྱེན་བཙུགས་ཏེ། སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་ནས་རོང་འབྲོག་པའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ་དེ་མིག་སྔའི་ལས་འགན་གཙོ་བོར་འགྱུར་དུ་འཇུག་དགོས། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།