རྨ་ཆུ་སྔོན་མོ་གཡུ་འབྲུག་འཁྱུག་པ་བཞིན་ཉིན་མཚན་མེད་པར་ལང་ལོང་གིས་ཞེན་ཆགས་དང་བརྩེ་སེམས་དྲོན་མོའི་ངང་གནས་མཆོག་མཚོ་ལྷོའི་རྫོང་ཁག་ལྔའི་མཐའ་འཁོར་ཡོངས་སུ་བསྐོར་ཞིང་། བོད་རིགས་དང་། རྒྱ་རིགས། ཧོས་རིགས་བཅས་མི་རིགས་ཉི་ཤུ་ལྷག་གི་གཅེན་གཅུང་མིང་སྲིང་ཚོས་ཕན་ཚུན་ལ་བརྩི་བཀུར་དང་། རྒྱུས་ལོན། བཟོད་སྒོམ་བཅས་བྱས་ནས། མཉམ་དུ་མཐུན་སྒྲིལ་འབད་ཐབས་དང་། མཉམ་དུ་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་འདུ་ཤེས་དང་། སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་དམ་དུ་གཏོང་བཞིན་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་སྐྱོད་ཡར་ཐོན་ཁུལ་གྱི་བགྲོད་ལམ་སྟེང་དུ་གསལ་ཞིང་འཚེར་ཞིང་རྐང་རྗེས་ཕབ་པ་འདིས། ང་ཚོའི་སེམས་སུ་དམར་པོ་མེ་ལས་ཚ་བའི་གསུབ་ཐབས་མེད་པའི་བག་ཆགས་དམ་པོ་ཞིག་བཞག་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐེ་ཀེ་ཞིང་ཧོ་ལོ་སི་གོང་མ་སྡེ་བ་ནས་བརྟན་ཞིང་བརླིང་ལ་ཁོད་སྙོམས་པའི་ལམ་ཕྲན་ཞིག་གིས་སྡེ་བའི་སྟོད་སྨད་དུ་ཟིན་ཡོད་ལ། ལམ་གྱི་གཡས་གཡོན་གྲལ་འགྲིག་ཅིང་། གྲལ་ཤར་རེ་རེའི་ཁྲོད་ཞོ་ལྟར་ཆགས་པའི་ཁྱིམ་ཚང་དག་ནི་ཁ་མཐུན་གྲོས་འགྲིག་དང་། ཁྱོད་བཟང་ང་བཟང་གིས་འཚོས་ཡོད་ལ། དེའི་ནང་དུ་བོད་རིགས་གཙོ་བྱས་ཏེ། རྒྱ་རིགས་དང་། ཧོས་རིགས་བཅས་མི་རིགས་སྣ་མང་གི་མང་ཚོགས་འདུས་ཡོད་ནའང་།མི་རིགས་ཕན་ཚུན་གྱིས་རང་རང་གི་ཡུལ་སྲོལ་གོམས་གཤིས་དང་། སྐད་དང་ཡི་གེ་སོགས་ལ་བརྩི་མཐོང་བྱས་ཏེ། ཕྱི་མཐུན་ནང་མཐུན་གྱིས་བརྩེ་བ་འོ་ཆུ་ལྟར་འདྲེས་ཏེ། ཁྱིམ་ཚང་གཅིག་ལྟར་དགའ་སྐྱིད་ཀྱི་དཔལ་ལ་རོལ་ནས་བསྡད་ཡོད།
མི་རིགས་མཐུན་སྒྲིལ་ནི་ཡར་ཐོན་གྱི་བླ་སྲོག་ཡིན་པ་དང་། སྡེ་བ་དབུལ་ཕོངས་ལས་ཐར་ཏེ། ཕྱུག་འགྱུར་གྱི་ལམ་དུ་བསྙེག་ཆེད། སྡེ་བའི་ནང་གི་ན་གཞོན་མང་པོ་ཞིག་གིས་ཚོང་རྒྱག་པ་དང་། ཡང་རེ་འགའ་ཕྱི་རུ་སོང་ནས་ལས་ཀ་ལས་ཏེ། རང་ཁ་རང་གསོའི་ཕྱོགས་ལ་འབད་ཀྱིན་ཡོད། ཡིན་ཡང་། ལན་རེརེ་བྱ་རྒོད་པོས་ནམ་འཕངས་བསྟད་པ་ཇི་བཞིན་ཕྱིར་ཕ་ཡུལ་དུ་འཕུར་ནས་ཡོང་སྟེ། སྡེ་བའི་ནང་གི་རིགས་སོ་སོའི་ལོ་ལོན་རྒན་པ་ཚོ་མཉམ་དུ་བོས་ནས། མཉམ་ཟ་མཉམ་འཐུང་གི་དཔལ་ལ་རོལ་དུ་བཅུག་པ་ཐེངས་གཅིག་ག་ལ་ཡིན།ཧི་ལི་སི་གོང་མ་སྡེ་བས་གཡས་གཡོན་གྱི་གྱང་འགྲམ་དུ་མི་རིགས་མཐུན་སྒྲིལ་གྱི་ནང་དོན་བཀལ་ཡོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་གྱི་གཞུང་ལུགས་དང་། སྲིད་ཇུས་ཀྱི་ཆུ་རྒྱུན་ཡུལ་མི་སྤུན་ཟླ་ཚོའི་སེམས་ཀྱི་ས་གཤིན་ཏུ་བཞུར་གྱིན་ཡོད། མི་རིགས་མཐུན་སྒྲིལ་གསར་སྐྲུན་ཡར་ཐོན་གྱིས་སྤྱི་ཚོགས་འཆམ་མཐུན་ཐད་བྱས་རྗེས་བླ་མེད་བཞག་པར་མ་ཟད། གོ་རིམ་ཡོད་པའི་ངང་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་ཀྱིས་འཕེལ་རྒྱས་སུ་གཏོང་བར་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན།
ཉེ་བའི་ལོ་འདི་གར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་གསར་འཛུགས་བྱས་ཏེ། མི་རེ་རེར་མཐུན་སྒྲིལ་གྱི་མཁའ་དབུགས་གསར་བ་ཞིག་སྐྲུན་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་བསམ་བློ་རྒྱ་ཆེའི་མང་ཚོགས་ཀྱི་སེམས་གཏིང་དུ་བཞག་ནས། མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་།
ཉིས་སྟོང་བཅུ་དྲུག་ལོར་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་གཉིས་འཕར་བ་དང་། ས་གནས་སྤྱིའི་ནོར་སྲིད་སྔོན་རྩིས་མ་དངུལ་བརྒྱ་ཆའི་ཉེར་དྲུག་འཕར་བ། སྤྱི་ཚོགས་འཛད་སྤྱོད་སྤྱི་གྲངས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་ལྔ་འཕར་བ། མཁར་གྲོང་སྡོད་མདངས་ཀྱི་ཡོང་འབབ་བརྒྱ་ཆའི་དགུ་འཕར་བ། དབུལ་ཕོངས་ཁྱིམ་ཚང་འབུམ་ལྔ་དང་ཁྲི་གསུམ་ལ་སྨན་བཅོས་དབུལ་སྐྱོར་བྱས་ཤིང་། གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་ལ་སྐུལ་འདེད་བྱས་ཏེ། བློ་སེམས་རྩེ་གཅིག་གིས་མཉམ་དུ་མཐུན་སྒྲིལ་འབད་ཐབས་བྱས་ནས། འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་པར་ནུས་པ་ཆེན་པོ་བཏོན། མཚོ་ལྷོ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ཀྱི་ལས་ཀ་ནམ་ཡང་མཚམས་བཞག་མ་མྱོང་ལ། མི་རིགས་མཐུན་སྒྲིལ་གསར་སྐྲུན་བྱ་འགུལ་ཁྲོད་མི་རིགས་སོ་སོའི་བློ་སེམས་གཅིག་སྒྲིལ་དང་། མཉམ་དུ་འབད་པ་བྱེད་པའི་སེམས་འདུན་ཇེ་ཟབ་ཏུ་བཏང་ནས། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་མཉམ་འཚོ་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་ལྷོ་གསར་འཛུགས་བྱེད་པར་ཤུགས་སྣོན་བཞིན་ཡོད།
ལོ་ཙཱ་བ། སྟོབས་ལྡན་རྒྱལ།