རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བ།
2017.04.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

གསར་འགོད་པས་ཉེ་ལམ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚོད་ལྟའི་འཛུགས་སྐྲུན་ཐད་ནས་ཐོབ་པའི་ཉམས་མྱོང་གང་མྱུར་གྱིས་ཕྱོགས་སྡོམ་དང་གསལ་འདོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་འདོན་རྒྱུ་རེད།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་དགོས་ཚུལ་བཏོན། མིག་སྔར་རང་རྒྱལ་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་འཛུགས་སྐྲུན་ལས་གཞི་དགུ་སྤེལ་བཞིན་ཡོད་ལ། དེ་དག་ནི་གཙང་གསུམ་འབྱུང་ཡུལ་དང་བྱང་ཤར་སྟག་གཟིག དོམ་ཁྲ་དང་ཧྲེན་ནུང་ཅ་ནགས་ཚལ། ཝུའུ་དབྱི་ཧྲན། ཆན་ཅང་གཙང་པོའི་འབྱུང་ཡུལ། ཧུའུ་ནན་ནན་ཧྲན་རི་བོ། པེ་ཅིན་ལྕགས་རི་རིང་པོ། སེམས་ཀྱི་ཉི་ཟླའི་པོ་ཏ་མཚེའུ་བཅས་རེད།

ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་སྤྱིའི་ཇུས་གཞི་འདོན་དགོས་པར་བསྟན་ཡོད། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་པས་འབྲེལ་ཡོད་ཚོད་ལྟའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཚོད་ལྟའི་ཇུས་གཞིའི་བླང་བྱ་ལྟར། ཧུར་ཐག་གིས་ཚོད་ལྟའི་བྱ་བ་སྣ་ཚོགས་སྤེལ་བཞིན་ཡོད་པར་བཤད་ལ། དེའི་འཕྲོ་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཚོད་ལྟའི་བྱ་བར་མཛུབ་སྟོན་བྱེད་རྒྱུ་དང་། གཅིག་གྱུར་དང་ཚད་ལྡན། ཕན་འབྲས་མཐོ་བའི་དོ་དམ་སྒྲིག་སྲོལ་བཙུགས་ནས། ས་ཁུལ་དང་སྡེ་ཁག་མི་གཅིག་པའི་བར་གྱི་སྒྲིག་སྲོལ་རང་བཞིན་གྱི་གནད་དོན་ལེགས་པར་ཐག་གཅོད་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་དང་རང་བྱུང་རིག་གནས་ཤུལ་བཞག་གི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས། རང་བྱུང་སྐྱེ་ཁམས་ཀྱི་ཐོན་ཁུངས་གཙོ་བོ་རྒྱལ་ཁབ་ལ་དབང་བ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ། མི་རབས་ནས་མི་རབས་སུ་བརྒྱུད་པ་བཅས་མངོན་འགྱུར་བྱ་རྒྱུ་རེད།

ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དུ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་སྤྱི་ཡོངས་འཆར་གཞི་བཏོན་པས། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་སྐབས། ཅིའི་ཕྱིར་རྒྱལ་ཁབ་སྤྱི་གླིང་འཛུགས་དགོས་པ་དང་། རྒྱལ་ཁབ་སྤྱི་གླིང་ཇི་ལྟར་འཛུགས་པའི་ཐད་ནས། གསར་འགོད་པས་འཐུས་ཚབ་ཨུ་ཡོན་དང་འབྲེལ་ཡོད་ཆེད་མཁས་པར་དེའི་ཁྲོད་ཀྱི་གླེང་གཞི་གཙོ་བོ་དྲུག་ཞིབ་ཏུ་དྲིས།

རྒྱལ་ཁབ་སྤྱི་གླིང་ལ་བྱེད་ནུས་གང་དག་ལྡན་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་དབྱི་ཝེ་ལུང་གིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་འཛུགས་པར་སྐྱེ་ཁམས་འཐུས་ཚང་ཡོང་བ་ནན་བཤད་བྱེད་ཀྱིན་ཡོད་ལ། དེ་གཞི་རྒྱ་ཆེན་པོའི་སྒོ་ནས་སྤེལ་ཚེ་ད་གཟོད་དེའི་སྐྱེ་ཁམས་བྱེད་ནུས་ཡོངས་སུ་མངོན་འགྱུར་བྱེད་ཐུབ།
རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྐྱེ་ཁམས་དང་རང་བྱུང་ཤུལ་བཞག་རིག་གནས་ཀྱི་ངོ་བོ་རང་བཞིན་དང་འཐུས་ཚང་རང་བཞིན་སྲུང་སྐྱོབ་བྱེད་ཐུབ་པ་དང་། སྐྱེ་ཁམས་མ་ལག་གཙོ་བོར་སྔར་བས་ཀྱང་སྲུང་སྐྱོབ་ནན་མོ་བྱེད་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་དཀོན་གྲས་ཀྱི་རིགས་ལ་ཡུན་ཕན་སྲུང་སྐྱོབ་བྱས་ཏེ། བུ་རབས་ཚ་རྒྱུད་ལ་རང་བྱུང་ཤུལ་བཞག་བསྐྱུར་དགོས།

“ཉེན་ཁར་གཏུགས་པའི་དངོས་རིགས་ལ་སྲུང་སྐྱོབ་བྱེད་པ་ནས་སྐྱེ་ཁམས་མ་ལག་ཧྲིལ་པོར་སྲུང་སྐྱོབ་བྱེད་པར་བསྒྱུར་བས། རྒྱལ་ཁབ་སྤྱི་གླིང་གིས་མི་རྣམས་ལ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་རྟོགས་པར་འཇུག་པའི་མཚུངས་སུ། མི་རྣམས་རང་བྱུང་དང་ཉེ་བར་བཅར་བའི་བསམ་པའི་དགོས་མཁོ་བསྐང་ཐུབ།”རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་པེ་ཅིན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཚེ་སྲོག་ཚན་རིག་སློབ་གླིང་སྐྱེ་ཁམས་རིག་པ་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཀྲང་ཏ་ཡུང་གིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་ལ་རྒྱལ་ཁབ་ཀྱིས་ཐད་ཀར་དོ་དམ་བྱེད་དགོས་པར་མ་ཟད། ས་གཤིས་དང་ཡུལ་ལྗོངས་སོགས་ནི་འཛམ་གླིང་དུ་ཐུན་མོང་མ་ཡིན་པ་ཞིག་ཡིན་དགོས་ཟེར།

ཅིའི་ཕྱིར་རྒྱལ་ཁབ་སྤྱི་གླིང་འཛུགས་དགོས་པ།
མིག་སྔའི་རང་རྒྱལ་གྱི་རང་བྱུང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཀྱི་རྣམ་པ་ནི་རང་བྱུང་སྲུང་སྐྱོབ་ཁུལ་གཙོ་གནད་དུ་འཛིན་པ་དང་། དེ་དང་ཆབས་ཅིག་ནགས་ཚལ་སྤྱི་གླིང་དང་། ས་གཤིས་སྤྱི་གླིང་། བརླན་སའི་སྤྱི་གླིང་། གནའ་ཤུལ་དང་ཡུལ་ལྗོངས་གྲགས་ཅན་སོགས་སྲུང་སྐྱོབ་རིགས་མང་པོ་འདུས། སྲུང་སྐྱོབ་ཁུལ་མང་ཤོས་ཤིག་ནི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བསམ་བློའི་འོག་བཙུགས་པ་ཡིན་པས། མ་ལག་མི་ཚང་ཞིང་ཚན་རིག་དང་མཐུན་པའི་འཆར་འགོད་ཉུང་བ། དོ་དམ་སྡེ་ཁག་མང་བ། ཕན་ཚུན་འདྲེས་ཤིང་ལྷག་མ་ཡོད་པ། ལས་འགན་མི་གསལ་བ་སོགས་ཀྱི་གནད་དོན་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཀྲུང་གོ་དམངས་གཙོའི་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པའམ་སྐྱེ་ཁམས་རིག་པ་བ་ཀེ་ཅན་ཕིན་གྱིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་ནས་གནད་དོན་འདི་དག་མཐུན་སྦྱོར་བྱས་ཏེ། གོང་སྨྲས་སྲུང་སྐྱོབ་ས་ཁུལ་དུ་བྱེད་ནུས་བསྐྱར་སྒྲིག་བྱེད་པ་དང་། སྐྱེ་ཁམས་མ་ལག་གལ་ཆེན་གྱི་སྲུང་སྐྱོབ་དང་རྒྱུན་སྲིང་བེད་སྤྱོད་ལ་ཤུགས་སྣོན་རྒྱུའི་ཆེད་རེད།

རང་རྒྱལ་གྱི་ཐོག་མའི་ཚོད་ལྟ་བྱེད་ས་སྟེ་གཙང་གསུམ་འབྱུང་ཡུལ་ལ་དཔེ་བླངས་ཚེ། “ཚོད་ལྟ་བྱེད་ས་སྤེལ་བའི་དམིགས་འབེན་ནི་སྡེ་ཁག་སོ་སོར་ཁ་ཐོར་དུ་ཡོད་པའི་འགན་ནུས་ཧྲིལ་བསྡུས་བྱས་ཏེ། ཐད་ཀར་དོ་དམ་བྱེད་པ་དང་གཅིག་གྱུར་གྱིས་སྐྱེ་ཁམས་དེ་ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་དང་སྲུང་སྐྱོབ་བྱེད་པ་མངོན་འགྱུར་བྱེད་རྒྱུ་རེད”གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་དེ་ལྟར་བཤད།

རྒྱལ་ཁབ་སྤྱི་གླིང་ཇི་ལྟར་སྙོམ་སྒྲིག་སྒོས་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་བར་གྱི་འབྲེལ་བ།
མིག་སྔར་ད་དུང་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་སྤྱི་ཡོངས་འཆར་འགོད་བཏོན་མེད་མོད། འོན་ཀྱང་ཆེད་མཁས་པ་དང་མཁས་པ་རྣམས་ཀྱི་ཡོངས་ཁྱབ་ལྟ་ཚུལ་ནི། རྒྱལ་ཁབ་སྤྱི་གླིང་ནི་དཔལ་འབྱོར་ཁེ་ཕན་འཚོལ་བ་དམིགས་འབེན་དུ་བཞག་ནས་གསར་སྤེལ་བྱས་ན་མི་འགྲིག་སྟེ། དེ་ལྟར་བྱས་ཚེ་གོལ་ལམ་དུ་ལྷུང་སྲིད།

འཐུས་མི་ཁ་ཤས་ཀྱིས་བལྟས་ན། རྒྱལ་ཁབ་སྤྱི་གླིང་ནི་གྲོང་ཁྱེར་སྤྱི་གླིང་མིན་པས། ཁེ་སྤོགས་ཀྱི་དབང་དུ་མི་འགྲོ་བར་དྭངས་གཙང་དང་རང་བྱུང་རྒྱུན་འཁྱོངས་བྱེད་དགོས།

ལི་ཞའོ་ནན་གྱིས་བཤད་རྒྱུར། སྐྱེ་ཁམས་ལ་སྲུང་སྐྱོབ་ནན་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གླིང་ཁུལ་གྱི་མཐའ་འཁོར་དུ་འོས་འཚམ་གྱི་ཚོང་ལས་གསར་སྤེལ་བྱས་ཆོག་མོད། འོན་ཀྱང་དེའི་གཞི་ཁྱོན་ནི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་གཞི་ཁྱོན་དང་གཅིག་མཚུངས་དང་མཐུན་སྦྱོར་ཡིན་དགོས། རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་མ་དངུལ་གཏོང་བ་གཙོ་བོ་ཡིན་པས། སྤྱི་གླིང་དུ་སྐྱོད་པར་སྤ་སེ་ཉོ་མི་དགོས་པར། ཚད་བཀག་ཡོད་པའི་སྒོ་ནས་གནས་སྐོར་པར་ཁ་ཆད་བཏབ་སྟེ་སྐྱེ་ཁམས་མྱོང་རོལ་བྱེད་པ་ཁོ་ན་ཙམ་ཡིན་དགོས།

ཀྲང་ཏ་ཡུང་གི་དྲན་ཚུལ་ལྟར་ན། རྒྱལ་ཁབ་སྤྱི་གླིང་གི་ལས་འགན་ཆེ་ཤོས་ནི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན་མོད། འོན་ཀྱང་མིའི་རིགས་ཀྱི་བར་ཆད་རྩ་བ་ནས་འགོག་པ་ནི་ཤིན་ཏུ་དཀའ་མོ་ཞིག་ཡིན་པས། དེ་བེད་སྤྱོད་འོས་འཚམ་བྱས་ན་འགྲིག སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་བར་ཇི་ལྟར་སྙོམས་སྒྲིག་ཡོང་བའི་ཐད་ནས་ད་དུང་རྟོག་ཞིབ་བྱེད་དགོས།

རྒྱལ་ཁབ་སྤྱི་གླིང་འཛུགས་པར་མིས་བར་ཆད་གཏོང་བ་ཇི་ལྟར་ཐག་གཅོད་དགོས་པ།
ཀྲང་ཏ་ཡུང་གིས་བཤད་རྒྱུར། རྒྱལ་ཁབ་གཞན་པའི་རྒྱལ་ཁབ་སྤྱི་གླིང་ཕལ་མོ་ཆེ་མི་མེད་ཁུལ་དུ་གནས་པའི་གནས་ཚུལ་དང་མི་འདྲ་བར། རང་རྒྱལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་མང་ཤོས་ཀྱི་ནང་ཁུལ་དང་མཐའ་སྐོར་དུ་མི་འབོར་འདུས་ཚད་ཅུང་མང་། རྒྱལ་ཁབ་སྤྱི་གླིང་འཛུགས་པ་དེ་མང་ཚོགས་ཀྱི་འཚོ་བའི་གནད་དོན་དང་འབྲེལ་བ་ཡོད་པས། ཇི་ལྟར་བཀོད་སྒྲིག་གནང་བར་ད་དུང་བྱེ་བྲག་ཏུ་ཞིབ་འཇུག་བྱེད་དགོས། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་ལྟ་བུར་མཚོན་ན། མིག་སྔའི་བྱང་ཤར་སྟག་གཟིག་གི་མདུན་དུ་ལྷགས་པའི་འཚོ་བའི་དཀའ་གནད་གཙོ་བོ་ནི་མིའི་བར་ཆད་ཀྱིས་བཟོས་པ་རེད། དེར་བརྟེན་ཀེ་ཅན་ཕིན་གྱིས་སྲུང་སྐྱོབ་ཁུལ་ནང་གི་མང་ཚོགས་སྐྱེ་ཁམས་ཡུལ་སྤོ་བྱེད་པའམ། ཡང་ན་སྐྱེ་ཁམས་ཁ་གསབ་ཀྱི་རྣམ་པ་སྤྱད་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ཀྱིས་སྐྱེ་ཁམས་མ་ལག་ལ་གནོད་པ་མི་ཐེབས་པ་བྱེད་དགོས།

རྒྱལ་ཁབ་སྤྱི་གླིང་ཇི་ལྟར་འཛུགས་དགོས་པ།
རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་ནང“སྤྱི་གླིང”ཅེས་པའི་ཡིག་འབྲུ་གཉིས་ཡོད་ཀྱང་། དེ་ནི་གནས་སྐོར་པས་ལྟ་སྐོར་དང་གླིང་ག་གཏོང་བའི་སྤྱིར་བཏང་གི“སྤྱི་གླིང”མིན་ལ། གནས་སྐོར་གསར་སྤེལ་ཐད་བེད་སྤྱོད་གཏོང་བའི་ལྗོངས་ཁུལ་གཙོ་བོ་ཡང་མིན། ཀེ་ཅན་ཕིན་གྱིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་ལ་ཐོན་ཁུངས་སྲུང་སྐྱོབ་དང་སློབ་གསོ། ཚན་རིག་ཞིབ་འཇུག ཡུལ་སྐོར། འཁྱམ་རྩེད་དང་ངལ་གསོ་སོགས་བྱེད་ནུས་མང་པོ་ལྡན་པས། དོ་དམ་ཐད་ནས་ཅི་འདོད་རང་བཞིན་དང་རྩིང་རགས་རང་བཞིན། དམིགས་མེད་རང་བཞིན་བཅས་འགོག་ཐབས་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ནུས་ཁུལ་བགོ་བ་དང་། ནུས་ཤུགས་ཡོད་དགུས་རང་བྱུང་གི་སྐྱེ་ཁམས་རྣམ་པ་སྲུང་འཛིན་བྱེད་དགོས།

གོ་བདེ་བའི་སྒོ་ནས་བཤད་ན། རྒྱལ་ཁབ་སྤྱི་གླིང་ནི་དོན་སྙིང་ཆེན་པོ་ལྡན་པའི “སྤྱི་གླིང”ཞིག་ཡིན་པས། དེ་ནི་དེང་རབས་ཀྱི་ཡིན་པར་མ་ཟད་བུ་རབས་ཚ་རྒྱུད་ཀྱི་ཡང་ཡིན་ལ། དེ་ནི་ཁྱབ་ཁོངས་ནང་གི་ཡིན་པར་མ་ཟད་རྒྱལ་ཡོངས་ཀྱིས་ཀྱང་ཡིན། དེ་བས་ཡོད་ཚད་སྐྱེ་ཁམས་སྲུང་སྐྱོབ་ནས་མགོ་རྩོམ་དགོས་པ་དང་། མཚུངས་སུ་སློབ་གསོ་དང་ལྟ་སྐོར། མྱོང་རོལ་བཅས་བྱེད་པ་བརྒྱུད་མང་ཚོགས་རང་བྱུང་ཁམས་ཆེན་མོ་དང་ཉེ་བར་བཅར་བའི་དགོས་མཁོ་བསྐང་དགོས།

ཀེ་ཅན་ཕིན་གྱིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་སྒྲིལ་སྲོལ་འཛུགས་པ་ནི་ད་ཡོད་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྨང་གཞིའི་སྟེང་ལྷག་མ་འགའ་འཛུགས་པ་དེ་མ་ཡིན་པར། “སྔོན་ལ་ཚོད་ལྟ་བྱེད་པ་དང་། གཙོ་གནད་འབུར་དུ་གཏོད་པ། སྤྱི་ཡོངས་ལ་སྐུལ་ཁྲིད་བྱེད་པ”བཅས་ཀྱི་རིགས་ལམ་བརྒྱུད་ནས་མ་ལག་ཧྲིལ་བསྡུས་དང་ཁེ་ཕན་ཆ་སྙོམས་ཡོང་བ་དེ་སྡེ་ཁག་དང་མཐུན་སྦྱོར་ཡག་པོ་བྱས་ཏེ། སྡེ་ཁག་མང་པོས་དོ་དམ་བྱེད་པའི་གནས་བབ་ལ་འགྱུར་བ་བཟོ་བ་དང་། “སྲུང་སྐྱོབ་ཁུལ་གཅིག་ལ་བྱང་བུ་གཅིག་དང་དོ་དམ་ལས་ཁུངས་གཅིག”མངོན་འགྱུར་བྱེད་དགོས།

རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོ་དེ་དུས་ནམ་ཞིག་ལ་བྱུང་བ་ཡིན་ནམ།
མིག་སྔར་རང་རྒྱལ་ལ་གཙང་གསུམ་འབྱུང་ཡུལ་དང་ཧྲེན་ནུང་ཅ། ཝུའུ་དབྱི་རི་བོ། ཆན་ཅང་གཙང་པོའི་འབྱུང་ཡུལ། ནན་ཧྲན་རི་བོ། ལྕགས་རི་རིང་པོ། སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ། དོམ་ཆེན་དང་སྟག་གཟིག་བཅས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁུལ་དགུ་ཡོད་ཅིང་། དེ་དག་ནི་མཚོ་སྔོན་དང་ཧུའུ་པེ། ཧྥུའུ་ཅན། ཀྲེ་ཅང་། ཧུའུ་ནན། པེ་ཅིན། ཡུན་ནན། སི་ཁྲོན། ཧྲའན་ཞི། ཀན་སུའུ། ཅི་ལིན། ཧེ་ལུང་ཅང་བཅས་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར་བཅུ་གཉིས་ལ་འབྲེལ་ཡོད།

འབྲེལ་ཡོད་མི་སྣས་དབྱེ་ཞིབ་བྱས་པ་ལྟར་ན། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་སྤྱི་ཡོངས་འཆར་འགོད་གྲུབ་རྗེས། མིང་དོན་མཚུངས་པའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་དང་པོ་དེ་མགྱོགས་མྱུར་ངང་ཚུགས་ཐུབ་ངེས་རེད།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།