ད་ལོར་མཚོ་ལྷོ་ཁུལ་གྱིས་ཡུལ་སྐོར་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར15གཏོང་རྒྱུ་རེད།
2017.04.05 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

  2017ལོར། མཚོ་ལྷོ་ཁུལ་གྱིས་ཡུལ་སྐོར་སྣེ་ལེན་བྱེད་ཚད་དང་གནས་སྐོར་ཡོང་སྒོ་ན་ནིང་དང་བསྡུར་ན་སོ་སོར་བརྒྱ་ཆའི་བཅོ་བརྒྱད་དང་བརྒྱ་ཆའི་ཉི་ཤུ་འཕར་བ་དང་། ཡུལ་སྐོར་པ་མི་ཐེངས་ས་ཡ་བདུན་དང་འབུམ་ལྔ་ཁྲི་བརྒྱད་དང་ཡོང་སྒོ་སྒོར་དུང་ཕྱུར་བཅུ་དགུ་དང་བྱེ་བ་དྲུག་ས་ཡ་དྲུག་ལ་འབུད་པ། ཚོང་རྫས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར་ལྔ་ལེན་པ་བཅས་ཀྱི་ཕྱོགས་སུ་བརྩོན་ལེན་བྱེད་རྒྱུ་རེད།

འདི་ནི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཚོགས་འདུའི་སྟེང་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་རིན་བྷེས 2017 ལོའི་མཚོ་ལྷོ་ཁུལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་བཅངས་པའི་རེ་བ་རེད། རིན་བྷེས་གསར་འགོད་པར་བཤད་རྒྱུར། རང་ས་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། ཡུལ་སྐོར་ལས་རིགས་ཀྱི་དུས་ཚིགས་གཉིས་ལ་བྲེལ་འཚུབ་ཆེ་བ་དང་དུས་ཚིགས་གཉིས་ལ་ངལ་གསོ་བ་ཡི་གནས་ཚུལ་བསྒྱུར་བའི་ཆེད་དུ། ད་ལོར་མཚོ་ལྷོ་ཁུལ་གྱིས་ཡུལ་སྐོར་དགུན་དུས་སུ་ཡུན་བསྲིང་བའི་བྱ་བ་རྒྱ་ཆེར་སྤེལ་ནས། དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་བྱ་འགུལ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་སྤེལ། དཔེར་ན། ཀྲུང་གོའི་མཚོ་སྔོན་གྱི་དགུན་དུས་རྨ་ཆུ་འཕྲེད་བརྒལ་གྱི་འགྲན་སློང་རྩེར་སོན་འགྲན་སྡུར་དང་།མཚོ་ལྷོ་ཁུལ་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར།མཚོ་ལྷོ་ཁུལ་སྐབས་དང་པོའི་ཡུལ་སྐོར་ཁེ་ལས་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ། གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དམངས་ཁྲོད་དམངས་སྲོལ་སོགས་ཀྱི་བྱ་འགུལ་མང་པོ་སྤེལ་བས། ཡུལ་སྐོར་པ་རྣམས་ལ་དགུན་དུས་ཀྱི་མཛེས་ལྗོངས་ཉམས་སུ་མྱོང་དུ་བཅུག་པ་དང་། མཐོ་སྒང་ཉི་འོད་ཀྱི་དྲོད་ཁོལ་ཉམས་ལེན་བྱེད་དུ་བཅུག་པར་མ་ཟད།དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་ར་ཡང་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

དེ་དང་མཉམ་དུ། མཚོ་ལྷོ་ཁུལ་གྱི་དྲ་བའི་ཡུལ་སྐོར་སྟེགས་བུ་བཙུགས་པ་དང་བསྟུན་ནས། མི་རྣམས་ཀྱིས་རྟོག་བཟོས་ལག་རྩལ་ལ་བརྟེན་ཏེ་ལྗོངས་ཁུལ་གྱི་ལོ་རྒྱུས་རིག་གནས་དང་རང་བྱུང་མཛེས་ལྗོངས། ངག་རྒྱུན་གཏམ་རྒྱུད་སོགས་སྔར་བཞིན་སོར་ཆུད་བྱས་པ་ལས་མི་རྣམས་ལ་འཇིག་རྟེན་ངོ་མ་ཞིག་ན་གནས་པའི་ཚོར་སྣང་སྐྱེ་རུ་བཅུག་ཅེས་རིན་བྷེ་ཡིས་ངོ་སྤྲོད་བྱས།

མཚོ་ལྷོ་ཁུལ་དྲ་བའི་ཡུལ་སྐོར་སྟེགས་བུས་ཐེངས་དང་པོར་ཆེས་སྔོན་ཐོན་གྱི་གཞི་གྲངས་ཆེན་པོ་དང་སྤྲིན་རྩིས་དེ་ས་གནས་དང་ཁུལ་རིམ་པའི་ཡུལ་སྐོར་ཆ་འཕྲིན་ཅན་གྱི་སྟེགས་བུ་ཐོག་ལ་བེད་སྤྱོད་བྱས་ཡོད་པས། དྲ་རྒྱའི་རྣམ་པ་བེད་སྤྱད་ནས་ཡུལ་སྐོར་ལས་རིགས་དོ་དམ་གྱི་ལས་ཆོད་ཇེ་མཐོར་བཏང་བ་དང་།མི་རྣམས་ཀྱིས་མཚོ་ལྷོ་ཁུལ་དྲ་བའི་ཡུལ་སྐོར་སྟེགས་བུའི་སྟེང་ནས། སྟབས་བདེ་དང་མགྱོགས་མྱུར་ངང་མཚོ་ལྷོ་ཁུལ་ཡུལ་སྐོར་གྱི་འགྲོ་འདུག་སྤྱོད་སྟངས་དང་། ཡུལ་སྐོར། ཉོ་སྒྲུབ། རྩེད་འཇོ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། སྐད་འཕྲིན་སྤྱི་སྟེགས་སམ་མཚོ་ལྷོ་ཁུལ་དྲ་བའི་ཡུལ་སྐོར་གྱི་ལག་ཁྱེར་ཁ་པར་གྱི་མཉེན་ཆསAPPཕབ་ལེན་བྱས་ཏེ། སྟབས་བདེའི་ངང་པ་སེ་དང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག མགྲོན་ཁང་དང་བཅས་པ་མངག་ཉོ་བྱེད་ཐུབ།

རིན་བྷེ་ཡིས་བཤད་རྒྱུར། མཚོ་ལྷོ་ཁུལ་ནས་མ་འོངས་པར་དྲར་འཇུག་ཡུལ་སྐོར་ཞེས་པའི་ཚོད་ལྟའི་བྱ་བ་ཞིག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་། ཤུགས་ཆེན་པོས་དྲ་བའི་ཡུལ་སྐོར་གཞི་གྲངས་བེད་སྤྱོད་བྱེད་པ་དང་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བར་སྐུལ་འདེད་བྱས་ཏེ། ཁྲི་ཀ་རྫོང་དང་གུང་ཧོ་རྫོང་གི་དྲ་བའི་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་འཛུགས་སྐྲུན་ཐད་འཕེལ་རྒྱས་གསར་པ་ཞིག་ཡོང་བར་ཁག་ཐེག་བྱས་པ་དང་། ཡུལ་སྐོར་པ་ཡུལ་སྐོར་དུ་འགྲོ་བར་སྔར་ལས་སྟབས་བདེ་བཟོས།

རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ལོ་འདིའི་ནང་དུ་ཡུལ་སྐོར་འཕེལ་རྒྱས་ཀྱི་མ་དངུལ་ལས་གཞི་སྒོར་བྱེ་བ་གསུམ་ཡན་དུ་སླེབས་པར་བརྩོན་ལེན་བྱས་ཏེ། མཛེས་ལྗོངས་དང་གྲོང་གསེབ་ཀྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་རྒྱུ་དང་། དངུལ་རྩའི་ཁེ་ལས་ཀྱི་མཉམ་ལས་ལ་ཧུར་ཐག་གིས་མཐུན་སྦྱོར་དང་ཞབས་འདེགས་ཞུས་ཏེ། དམངས་ཁྲོད་མ་དངུལ་གྱིས་ཡུལ་སྐོར་ལས་རིགས་ཀྱི་དཔལ་འབྱོར་ཚོང་རའི་འཕེལ་རྒྱས་ཐད་ནུས་པ་གང་ལེགས་འདོན་དུ་འཇུག་པ་དང་། ཡུལ་སྐོར་ལས་རིགས་ཐད་སྒོར་དུང་ཕྱུར་བཅོ་ལྔ་གཏོང་བར་ཡར་སྐུལ་བྱས།

 རྩོམ་སྒྲིག་པ། རྟ་མགྲིན་སྐྱབས།