དམངས་ཚིས་ལེགས་བཅོས་ཁྲོད་ནས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་སོང་།
2017.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་ཉུང་ཉུང་ལ་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པ་རྒྱུན་འཁྱོངས་བྱས་པས། མི་དམངས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། དམངས་ཚིས་དམིགས་ཚད་ཁག་ཅིག་ནུབ་རྒྱུད་ཀྱི་མདུན་གྲས་སུ་བསྐྱོད། འཕེལ་རྒྱས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ནས། མཚོ་སྔོན་ཞིང་ཆེན་གྱིས་ཧུར་ཐག་གིས་རོང་འབྲོག་མང་ཚོགས་ཀྱི་སྣ་གཅིག་རང་བཞིན་གྱི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་ལྟ་སྲུང་བཅས་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བའི་འཁོར་རྒྱུགས་ལེགས་པོའི་ཕྱོགས་སུ་སྐུལ་འདེད་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱས།

2016ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་པ་དེ་བྱ་བ་ཡོད་ཚད་ཀྱི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ཏེ། མ་དངུལ་ཉུང་ཉུང་ལ་བརྟེན་ནས་དམངས་ཚིས་ཆེན་པོ་སྒྲུབ་པ་དང་། དམངས་ཚིས་ལེགས་བཅོས་དང་འགན་སྲུང་གི་ཐད་མ་དངུལ་མང་པོ་བཏང་བ་དང་ནུས་ཤུགས་ཆེན་པོ་བཏོན། དམངས་ཚིས་དང་ཐད་ཀར་འབྲེལ་བའི་འགྲོ་གྲོན་གྱིས་ནོར་སྲིད་སྤྱིའི་འགྲོ་གྲོན་གྱི་བརྒྱ་ཆའི་དོན་ལྔ་ལྷག་ཟིན་པ་དང་། དམངས་ཚིས་དང་འབྲེལ་བའི་སློབ་གསོ་དང་སྨན་བཅོས། ལས་ཞུགས། སྡོད་ཁང་། སྤྱི་ཚོགས་ཉེན་ཚབ་སོགས་ལས་དོན་སྣ་ཚོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་པས། མི་དམངས་མང་ཚོགས་ཀྱིས་དྲོད་ཁོལ་དང་རེ་བ་གསར་བ་མཐོང་ཞིང་། དམངས་ཚིས་འགན་སྲུང་དེ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོར་འདེགས་གཏོང་བའི་བྱ་བ་གལ་ཆེན་ཞིག་ཏུ་གྱུར།

2017ལོར། མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་ཀྱི་རེ་སྒུག་གསར་བ་དང་བསྟུན་ནས། དབུལ་སྐྱོར་མཁྲེགས་གཏོར་ལ་སྔར་ལས་སྐུལ་འདེད་བྱས་ཏེ། མུ་མཐུད་དུ་དམངས་ཚིས་དོན་དངོས་བཅུ་ལེགས་སྒྲུབ་བྱེད་རྒྱུ་ཡིན་ཞིང་། དམངས་ཚིས་ཐད་ཀྱི་དཀའ་གནད་སེལ་ཏེ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་དང་། ཤུགས་ཕུད་དེ་མང་ཚོགས་ཀྱི་བདེ་སྡུག་ལ་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས། རིགས་སོ་སོའི་མི་དམངས་མང་ཚོགས་ལ་བཅོས་སྒྱུར་འཕེལ་རྒྱས་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་སྔར་ལས་ཇེ་མཐོར་གཏོང་རྒྱུ་རེད།

2016ལོར། མཚོ་སྔོན་ཞིང་ཆེན་གྱི་དམངས་ཚིས་འགན་སྲུང་བྱ་བར་གྲུབ་འབྲས་ལེགས་པོ་ཐོབ། མཁར་གྲོང་གི་ལས་ཞུགས་མི་སྣ་ཁྲི་དྲུག་ལྷག་གསར་དུ་འཕར་སྣོན་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་མི་ཐེངས་ས་ཡ་གཅིག་འབུམ་གཅིག་ལྷག་སྤོ་བསྒྱུར་ལས་ཞུགས་བྱས་པ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་ཀྱི་ཚད་བརྒྱ་ཆའི་གསུམ་ལྷག་གི་ནང་ཚོད་འཛིན་བྱས། མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་དགུར་བསླེབས། ལོ་བཅོ་ལྔའི་རིན་མེད་སློབ་གསོ་བརྟན་བརླིང་ངང་ལག་བསྟར་བྱས་པ་དང་། ཞིང་ཆེན་རིམ་པའི་རིག་གནས་ཞབས་ཞུའི་སྒྲིག་གཞི་གསུམ་འཛུགས་སྐྲུན་བྱས་ཏེ་བཀོལ་སྤྱོད་བྱས། རྒྱང་སྒྲོག་བརྙན་འཕྲིན་གྱི་ཁེབས་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ཏུ་བསླེབས། བདེ་ཐང་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་མགོ་བརྩམས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བ་དང་སྨན་རིན་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས། མཁར་གྲོང་གི་སྤྱིལ་ཁྱིམ་ས་ཁུལ་གྱི་སྡོད་ཁང་ཁྲི་བརྒྱད་ལྷག་དང་། རོང་འབྲོག་ཁུལ་གྱི་ཁང་རྙིང་ཁྲི་དྲུག་ལྷག་བསྒྱུར་བཀོད་བྱས་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གཅིག་ལྷག་ཏུ་ཚོད་འཛིན་བྱས།

ལས་ཞུགས་བརྟན་འཇགས་དང་རྒན་གསོ་མ་དངུལ་ཇེ་མཐོ་ཡིན་པ། སྨན་བཅོས་ཉེན་ཚབ་འཐུས་ཚང་དུ་གྱུར་བ། སྡོད་ཁང་གསར་བ་དང་སྔོ་ཚོད་ཕུན་སུམ་ཚོགས་པ། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་གྱི་རེ་བ་རིམ་བཞིན་མངོན་འགྱུར་བྱུང་བས། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལོངས་སུ་སྤྱོད་ཐུབ་པ་བྱུང་།

2016ལོར། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་དེ་སྒོར་ཆིག་བརྒྱ་བཞི་ཅུར་འཕར་སྣོན་བྱས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་མ་དངུལ་བསྡུ་སྒྲིག་གི་ཚད་གཞི་དེ་སྒོར་དྲུག་བརྒྱ་དང་བཅུར་ཇེ་མཐོར་བཏང་། ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་དེ་སྒོར་ཆིག་སྟོང་བདུན་ཅུར་ཇེ་མཐོར་བཏང་། མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོ་བརྒྱ་ཆའི་དགུ་འཕར་སྣོན་བྱུང་། ནུས་རྩལ་མཐོ་བའི་འཇོན་མི་སྟོང་གཉིས་ལྔ་བརྒྱ་ལྔ་བཅུ་གསར་དུ་འཕར་སྣོན་བྱུང་ཞིང་། ཞིང་བ་ཞོར་ལས་པའི་གླ་ཕོགས་ཁ་ཚང་དུ་སྟེར་ཚད་བརྒྱ་ཆའི་གོ་བརྒྱད་དུ་བསླེབས།

ལོ་དེར་ཞིང་ཆེན་ཡོངས་ཀྱི་མི་བརྒྱ་ཆའི་གོ་ལྔ་ལྷག་སྨན་བཅོས་ཉེན་ཚབ་ཁྲོད་ཞུགས་པ་དང་། ཞང་གྲོང་འཕྲོད་བསྟེན་ཁང་གིས་མི་ཐེངས་ས་ཡ་གཉིས་འབུམ་དྲུག་ལྷག་ལ་བརྟག་བཅོས་བྱས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མངོན་གསལ་སྒོས་ལེགས་བཅོས་བྱུང་བ་དང་། གཞི་རིམ་འཕྲོད་བསྟེན་སྒྲིག་གཞིའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་སོང་།
2016ལོར། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་ལོ་གསུམ་གྱི་སློབ་གསོ་དང་ལོ་དགུའི་འོས་འགན་སློབ་གསོ། མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོའི་ལོ་གསུམ་བཅས་ཀྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་བསྟར་བྱས་ཤིང་། མཁར་གྲོང་གཅིག་གྱུར་གྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་བཙུགས་ཏེ། འགན་སྲུང་གི་ཚད་གཞི་ཇེ་མཐོར་བཏང་།

2016ལོར། གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་སོ་སོར་མི་རེར་ཟླ་རེར་སྒོར་བཞི་བརྒྱ་དང་མི་རེར་ཟླ་རེར་སྒོར་སྟོང་གཉིས་དགུ་བརྒྱ་བདུན་ཅུར་བསླེབས་ཤིང་། ལྔ་སྐྱོང་བྱ་ཡུལ་གྱི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཆ་སྙོམས་ལོ་རེར་བརྒྱ་ཆའི་བཅོ་བརྒྱད་དུ་བསླེབས། དཀའ་ཁག་ཆེ་བའི་མང་ཚོགས་མི་ཐེངས་འབུམ་བརྒྱད་ཁྲི་གཅིག་སྟོང་དྲུག་ལ་སྨན་བཅོས་རོགས་སྐྱོབ་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་ཁྲི་བརྒྱད་སྟོང་གཅིག་བཞི་བརྒྱར་གནས་སྐབས་ཀྱི་རོགས་སྐྱོབ་བྱས་ཏེ། དོན་ངོ་མའི་ཐོག་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འགན་ནུས་འདོན་སྤེལ་ལེགས་པོ་བྱས།

2017ལོའི་དཔྱིད་མགོ་ཚེས་མ་ཐག དམངས་ཕན་གྱི་གཏམ་བཟང་རེ་རེ་འཕྲོ་རིམ་འཕྲོར་གྲགས་ཡོང་།

མཁར་གྲོང་གི་ངལ་རྩོལ་པ་མི་ཐེངས་ཁྲི་བརྒྱད་ལ་ནུས་རྩལ་གསོ་སྦྱོང་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་ལྔ་ཡན་དུ་སྲུང་འཛིན་བྱེད་པ། གཞུང་གཉེར་བྱིས་བཅོལ་ཁང་དོན་ལྔ་གསར་སྐྲུན་དང་རྒྱས་སྐྲུན་བྱེད་པ། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་ཇེ་མཐོ་དང་ཞིང་ཕན་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པ། ཆེས་དམའ་བའི་ཟླ་ཕོགས་ཀྱི་ཚད་གཞི་སྙོམས་སྒྲིག་བྱེད་པ། མཁར་གྲོང་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོ་མ་དངུལ་དེ་ཟླ་རེའི་མི་རེའི་ཆ་སྙོམས་ཚད་གཞི་དེ་སྒོར་བཅོ་ལྔར་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་མི་རེར་ཆ་སྙོམས་ཀྱིས་སྒོར་ལྔ་བཅུར་ཇེ་མཐོར་གཏོང་བ། ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་ཀྱིས་སྒོར་སུམ་བརྒྱ་ལྔ་བཅུར་ཇེ་མཐོར་གཏོང་བ། མུ་མཐུད་དུ་བྱིས་པ་རློན་ནུའི་འཚོ་བཅུད་ཁ་གསབ་དང་སྦྲུམ་མ་སྨན་ཁང་དུ་བསྡད་ནས་བྱིས་པ་བཙའ་བའི་ཁ་གསབ། རོང་འབྲོག་ཁུལ་གྱི་བུད་མེད་ཀྱི་ནད་རིགས་སྐྲན་གཉིས་ལ་རིན་མེད་ཞིབ་བཤེར་ལས་གཞི་ལག་བསྟར་བྱེད་པ། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་ཚབ་ཀྱི་མ་དངུལ་བསྡུ་སྒྲིག་ཚད་གཞི་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་དང་ཞིང་སྡེའི་སྨན་པའི་གླ་ཕོགས་ཇེ་མཐོར་བཏང་ཏེ། སློབ་གྲྭ་ཉིས་བརྒྱར་འཕྲོད་བསྟེན་ཁང་འཛུགས་པ་དང་། གློ་གཅོང་ནད་པ་སྟོང་གཉིས་ལ་རིན་མི་ལེན་པར་སྨན་བཅོས་བྱེད་པ། ཐུམ་འབུའི་ནད་ཀྱི་མི་ཚོགས་ས་ཡ་གཅིག་ལ་ཞིབ་བཤེར་བྱེད་པ། ལོ་ན་རྒན་པའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་མི་རེར་ཆ་སྙོམས་ཀྱིས་སྒོར་ཉི་ཤུ་ཇེ་མཐོར་གཏོང་བ་དང་། སྡོད་ཁུལ་གྱི་རྒན་པའི་བདག་སྐྱོང་ལྟེ་གནས་སུམ་ཅུ་དང་སྨན་བཅོས་ཐོན་ཁུངས་དང་རྒན་གསོའི་ཐོན་ཁུངས་ཟུང་འབྲེལ་གྱི་ཞབས་ཞུ་སྒྲིག་གཞི་བཅུ་འཛུགས་པ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་བདུན་བརྒྱ་འཛུགས་སྐྲུན་བྱེད་པ། སྤྱིལ་ཁྱིམ་ས་ཁུལ་གྱི་ཁང་པ་ཁྲི་ལྔ་སྟོང་དྲུག་དང་རོང་འབྲོག་ཁུལ་གྱི་ཁང་རྙིང་ཁྲི་དྲུག་བསྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་དཀྱིལ་སྙིང་དུ་བཟུང་ཏེ། རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་བྱེད་པའི་རྨང་གཞིའི་སྟེང་། སྟོབས་ཤུགས་ཡོད་རྒུས་དམངས་ཚིས་ཐད་ཀྱི་ཞན་ཆ་ཁ་གསབ་ཅི་ཐུབ་བྱེད་ཀྱིན་ཡོད།

རྒྱུན་ཆད་མེད་པར་སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་ཏེ། ནད་ལྗིད་མོ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཤུགས་ཕུད་དེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དར་སྤེལ་བྱེད་པར་ཤུགས་སྣོན་བྱས་པར་མ་ཟད། བདེ་ཐང་ལ་ཕན་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས། ད་ལོར་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་རིགས་དགུ་གཞི་རིམ་ནས་ཐོག་མར་བརྟག་བཅོས་བྱེད་པ་དང་། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུ་བརྟན་འཇགས་ངང་སྤེལ་ཏེ། གན་རྒྱ་འཇོག་པའི་ཞབས་ཞུའི་ཁེབས་ཚད་བརྒྱ་ཆའི་སུམ་ཅུའི་ཡན་དུ་བསླེབས་པར་བྱེད་པ་དང་། གནད་སའི་མི་ཚོགས་ཀྱི་གན་རྒྱ་འཇོག་པའི་ཞབས་ཞུའི་ཁེབས་ཚད་བརྒྱ་ཆའི་དྲུག་ཅུའི་ཡན་དུ་བསླེབས་པར་བྱེད་རྒྱུ་རེད།

དབུལ་ཕོངས་རྫོང་བཅུ་གཅིག་དང་དབུལ་ཕོངས་སྡེ་བ་ལྔ་བརྒྱ་སོ་གཅིག་གིས་སློབ་གསོའི་དབུལ་ཐར་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་པ་དང་། དམའ་འབྲིང་དང་མཐོ་འབྲིང་ནས་མཐར་ཕྱིན་པའི་སློབ་མའི་ལས་རིགས་ནུས་རྩལ་གསོ་སྦྱོང་གནད་སར་བཞག་ནས་ཤུགས་སྣོན་བྱེད་པ་དང་། དབུལ་ཐར་ཕྱུག་བསྒྱུར་གྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་ཏེ། མི་གཅིག་ལས་ཀར་ཚུད་པ་དང་ཁྱིམ་ཚང་གཅིག་དབུལ་ཕོངས་ལས་ཐར་བར་བྱེད་པའི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མུ་མཐུད་དུ་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཏེ། མཁར་གྲོང་གི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་གི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པར་གནད་ཕིགས་རོགས་སྐྱོར་ལག་བསྟར་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་དཀའ་ཁག་ཡོད་པའི་དབང་གིས་སློབ་གྲྭ་འགྲོ་མི་ཐུབ་པ་འགན་སྲུང་བྱེད་རྒྱུ།

མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་དེ་ལས་ཞུགས་བྱ་བའི་གོ་གནས་དང་པོར་འཇོག་པ་རྒྱུན་འཁྱོངས་དང་། ཐོན་ནུས་ལས་བཟོ་བ་ལྷག་མའི་བཀོད་སྒྲིག་བྱ་བ་དམ་འཛིན་བྱེད་པ། ལས་ཞུགས་དབུལ་སྐྱོར་དང་ལས་སྐྲུན་སྣེ་ཁྲིད་ལས་ཞུགས། མཁར་གྲོང་ངལ་རྩོལ་ནུས་ཤུགས་ཀྱི་ནུས་རྩལ་གསོ་སྦྱོང་བྱ་བ་དངོས་གནས་དམ་འཛིན་བྱེད་རྒྱུ། མི་དོན་དང་འཇོན་མིའི་སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་བྱས་ཏེ། གཞུང་ཞབས་པའི་དཔྱད་ཞིབ་བྱ་དགའི་ལམ་ལུགས་དང་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། དོན་ངོ་མའི་ཐོག་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ཏེ། ལོ་མཇུག་ཏུ་ཁེ་ལས་ཀྱི་ངལ་རྩོལ་གན་རྒྱ་འཇོག་ཚད་བརྒྱ་ཆའི་གོ་གཅིག་ཏུ་བསླེབས་པར་བྱེད་པ་དང་། ཞིང་བ་ཞོར་ལས་པས་དུས་ཐོག་ཏུ་གླ་ཕོགས་ཁ་ཚང་དུ་ལེན་པ་དང་། ཞོར་ལས་པའི་གླ་ཕོགས་ཆད་ལྷག་མེད་པར་སྟེར་ཚད་བརྒྱ་ཆའི་གོ་དྲུག་ཡན་དུ་སྲུང་འཛིན་བྱེད་རྒྱུ།

གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མི་གྲངས་དབུལ་ཕོངས་ལས་ཐར་བའི་བྱེད་ཐབས་སྤྱད་དེ། སྨན་བཅོས་རོགས་སྐྱོབ་དང་གནས་སྐབས་རོགས་སྐྱོར་གྱི་ཤུགས་ཚད་རྒྱ་བསྐྱེད་པ་དང་། འགན་སྲུང་བྱེད་དགོས་ས་ཚང་མར་འགན་སྲུང་ཐོབ་པ་རྒྱུན་འཁྱོངས་བྱེད་རྒྱུ། དཀའ་ཁག་ཆེས་ཆེ་བའི་མི་སྣའི་རོགས་སྐྱོབ་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། དཀའ་ཁག་ཆེས་ཆེ་བའི་མི་སྣའི་གཞི་རྩའི་འཚོ་བའི་ཚད་གཞི་དེ་གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་ཚད་གཞིའི་ལྡབ་གཅིག་ལྷག་ཡིན་པ་དང་། མི་རེར་ཟླ་རེར་སྒོར་དྲུག་བརྒྱ་དང་དོན་ལྔར་བསླེབས་པར་བྱེད་པ། དཀའ་ཁག་ཆེས་ཆེ་བའི་མི་སྣའི་ལས་ཀའི་ནུས་པ་ཉམས་ཚད་ཀྱི་་ཚབས་ཆེ་ཆུང་ལྟར་དུ་སོ་སོར་མི་རེར་ཟླ་རེར་སྒོར་ཉིས་བརྒྱ་ང་གཉིས་དང་སུམ་བརྒྱ་དང་དོན་བརྒྱད། དྲུག་བརྒྱ་དང་སུམ་ཅུ་བཅས་སུ་བསླེབས་པར་བྱེད་རྒྱུ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་ཀྱི་གཟིགས་སྐྱོང་སོགས་དམངས་སྲིད་རོགས་སྐྱོབ་འགན་སྲུང་སྲིད་ཇུས་དངོས་འབེབས་ནན་མོ་བྱས་ཏེ། མཁར་གྲོང་གི་དམའ་སྲུང་དང་རྒན་པའི་ཁ་གསབ། གཟིགས་སྐྱོང་སོགས་རོགས་སྐྱོབ་འགན་སྲུང་ཚད་གཞི་འོས་འཚམ་སྒོས་ཇེ་མཐོར་གཏོང་རྒྱུ་རེད།

དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་ནི། མི་དམངས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ནང་མཁོ་རྒྱ་བསྐྱེད་དང་། དཔལ་འབྱོར་འཕར་ཚད་ལ་སྐུལ་འདེད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན། 2016ལོར་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་སྒོས་འཕར་སྣོན་བྱུང་ཞིང་། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་བའི་དམངས་ཚིས་དོན་དངོས་བཅུ་བོ་རེ་རེ་བཞིན་ཡོངས་འགྲུབ་བྱས་ཤིང་། མཁར་གྲོང་གི་གཞི་རྩའི་རྒན་གསོ་དང་སྨན་བཅོས། མ་མཐའི་འཚོ་བ་འགན་སྲུང་སོགས་དམངས་ཚིས་དམིགས་ཚད་བཅུ་གསུམ་གྱི་ཚད་གཞི་ཇེ་མཐོར་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོན་ངོ་མའི་ཐོག་ནས་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་གྲུབ་འབྲས་ལོངས་སུ་སྤྱད།

2017ལོར། མཚོ་སྔོན་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་དེ་དམངས་ཚིས་བཟོ་སྐྲུན་ཏན་ཏན་ཏིག་ཏིག་གིས་སྤེལ་བ་དང་བསྟུན་ནས་སྔར་ལས་ཇེ་མཐོར་འགྲོ་སྲིད། ལས་ཞུགས་བཟོ་སྐྲུན་དང་འགན་སྲུང་བཟོ་སྐྲུན། སྡོད་ཁང་བཟོ་སྐྲུན། སློབ་གསོའི་བཟོ་སྐྲུན། སྨན་བཅོས་བཟོ་སྐྲུན། རིག་གནས་བཟོ་སྐྲུན་སོགས་དམངས་ཚིས་བཟོ་སྐྲུན་རེ་རེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ངེས། དམངས་ཚིས་ལེགས་བཅོས་བརྒྱུད་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་སྟངས་བསྒྱུར་བ་དང་གྲུབ་ཚུལ་ལེགས་བཅོས་བྱེད་པར་སྐུལ་འདེད་དང་། དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱེད་པ་ནི། མཚོ་སྔོན་ཞིང་ཆེན་གྱིས་སྔར་བཞིན་དམ་འཛིན་བྱེད་དགོས་པའི་འབད་འཐབ་དམིགས་འབེན་དང་ཁ་ཕྱོགས་གཙོ་བོ་ཡིན།

མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་རྨང་གཞི་ཞན་པ་དང་། དབུལ་ཕོངས་མི་གྲངས་དང་དབུལ་ཕོངས་ས་ཁུལ་གྱི་ཟིན་ཚད་ཅུང་མཐོ་བས། དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་པ་ནི་ཁྱོན་ཡོངས་ལ་ཐུག་པའི་བྱ་བ་གལ་ཆེན་ཞིག་རེད། ང་ཚོས་ཅིས་ཀྱང་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ལ་མཐོང་ཆེན་དང་དམངས་ཀྱི་འདོད་བློ་དང་བསྟུན་པ། དམངས་ཀྱི་སྟོབས་ཤུགས་མཚོན་པར་བྱེད་དགོས། མ་དངུལ་ཉུང་ཉུང་ལ་བརྟེན་ནས་དམངས་ཚིས་ཆེན་པོ་ལེགས་སྒྲུབ་བྱེད་པ་རྒྱུན་འཁྱོངས་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཆེས་སེམས་ཁུར་དང་ཆེས་ཐད་ཀར། ཆེས་དོན་དངོས་བཅས་ཀྱི་ཁེ་ཕན་གནད་དོན་གཞིར་བཟུང་ནས། དམངས་ཚིས་ཁྱབ་ཁོངས་ཀྱི་གནད་དོན་གསར་བ་དང་འགྱུར་ལྡོག་གསར་བར་བལྟས་ཏེ། ཧུར་ཐག་གིས་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་སོགས་ཐད་ཀྱི་མི་འདང་ས་ཁ་གསབ་བྱེད་དགོས་པར་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་དང་དངོས་ཡོད་ཆ་རྐྱེན་ལ་བསམ་གཞིགས་ལེགས་པོ་བཏང་ཏེ། དམངས་ཕན་རང་བཞིན་དང་གཞི་རྩ་ཁག་ཐེག སྙོམས་མཚུངས་ཅན་དང་རྒྱུན་མཐུད་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལུགས་མཐུན་སྒོས་སྔོན་དཔག་ལ་ཁྲིད་སྟོན་བྱས་ནས། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་རྒྱུན་ཆད་མེད་པར་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོག་ས་པར་བྱེད་པ་དང་། དམངས་ཚིས་དང་དམངས་སེམས། དམངས་ཤུགས་བཅས་ཕན་ཚུན་ལ་སྐུལ་འདེད་དང་ཕན་ཚུན་ལ་རམ་འདེགས་བྱེད་དུ་འཇུག་དགོས།

མི་དམངས་ནི་དུས་རབས་ཀྱི་གསར་སྐྲུན་མཁན་ཡིན་ལ། ཕུགས་འདུན་མངོན་འགྱུར་བྱེད་མཁན་གྱི་སྒུལ་ཤུགས་གཙོ་བོའང་ཡིན། མི་རྣམས་ཀྱི་འཚོ་བ་གསར་བའི་རེ་བསྙེགས་ཀྱང་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་པས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པའི་དཀའ་ཁག་ཀྱང་དེ་བས་ཆེ། ཡིན་ནའང་། ཐོག་མཐའ་བར་གསུམ་དུ་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་གསར་རྙིང་གི་འབྲེལ་བའི་ཁྲོད་ནས་ཚན་རིག་གི་བསམ་ཕྱོགས་འདོན་པ་དང་། འཕེལ་རྒྱས་ཀྱི་འགག་སྒོ་གཏོར་བ་དང་རིམ་བསྒྱུར་གྱི་དཀའ་ཁག་སེལ་ན། བློ་བརྟན་འགྱུར་མེད་སྒོས་ཕུགས་འདུན་མངོན་འགྱུར་གྱི་ལམ་དུ་བསྐྱོད་ཐུབ།


ལོ་ཙཱ་བ། སྒྲོལ་མ་སྐྱིད།