རྫ་མ་སྐེ་ཞང་གིས་པོད་ཆུང་གཉིས་དང་མགྲོན་སྣེ་གཅིག་གི་རྣམ་པ་སྒོ་འབྱེད་བྱས་པ།
2017.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

 རྫ་མ་སྐེ་ཞང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་ལེན་རྫོང་གི་དབུས་རྒྱུད་དང་ནུབ་རྒྱུད་དུ་གནས་པ་དང་། སྡོམ་པས་རྒྱ་རིགས་དང་། བོད་རིགས། སོག་རིགས་སོགས་མི་རིགས་བརྒྱད་འདུས་སྡོད་བྱས་ཡོད། གྲོང་ཁྱེར་དང་བར་ཐག་ཤིན་ཏུ་རིང་བའི་ས་ཆ་འདི་རུ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆེས་སྲ་བརྟན་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་པར་བརྟེན། ལས་ཀའི་རྣམ་པ་གསར་པ་ཞིག་གསར་གཏོད་བྱས་ཡོད་པ་རེད་།

དཔྱིད་ཀའི་དུས་སུ། གསར་འགོད་པས་གནས་འདིར་བཅར་འདྲི་བྱེད་སྐབས། རྒྱུས་ལོན་བྱས་པའི་གནས་ཚུལ་དེ་སྔོན་གྱི་ཚོད་དཔག་ལས་བརྒལ་བ་ནི། ས་གནས་དེ་གའི་གཞི་རིམ་ལས་བྱེད་པས་འཕྲིན་ཕྲན་དང་། པོད་ཕྲན། མགྲོན་སྣེ་སོགས་ལ་གཞི་བཅོལ་ཏེ། འདུ་ཤེས་སྟེང་ནས་བྱ་བ་སོ་སོ་ཏན་ཏན་ཏིག་ཏིག་ངང་སྤེལ་ཐུབ་པ་བྱུང་བས། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་རྣམས་གཞི་རིམ་དུ་རྒྱ་བསྐྱེད་བྱེད་ཐུབ་པ་བྱུང་།

མི་གཞན་གྱི་བལྟས་ན་དར་སྲོལ་ཆེ་བའི་པོད་ཆུང་གཉིས་དང་མགྲོན་སྣེ་གཅིག་གི་བྱ་བའི་བྱེད་སྟངས་དེ་ཞང་ཆུང་ཆུང་འདི་ནས་ཀྱང་ལག་བསྟར་བྱས་པ་ཤིན་ཏུ་བཟང་བར་མ་ཟད། ད་དུང་ལས་ཀ་བྱེད་སྟངས་དེས་བྱ་བའི་ཚད་མང་པོ་ཞིག་ཇེ་ཉུང་དུ་བཏང་བར་མ་ཟད། ད་དུང་རོང་འབྲོག་མང་ཚོགས་རྣམས་ལ་སྟབས་བདེ་མང་པོ་བསྐྲུན།

ཡོན་ཡེ་ཧྥེ་ནི་རྫ་མ་སྐེ་ཞང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཞང་ཀྲང་ཡིན་པ་དང་། ཁོས པོད་ཆུང་གཉིས་དང་མགྲོན་སྣེ་གཅིག་གི་རྣམ་པ་གླེང་སྐབས། ཁོས་སྔོན་ལ་ལམ་བུ་འདི་འཚོལ་ཞིབ་བྱས་པའི་དཀའ་ངལ་དེ་གླེང་བྱུང་། བྱ་ཐང་སྡེ་བ་ནི་ཞང་སྲིད་གཞུང་ནས་ཐག་རིང་ཤོས་ཀྱི་སྡེ་བ་དེ་ཡིན་པ་དང་། ལོ་ལྟར་སྲིད་ཇུས་སྒྲོག་འགྲེལ་དང་ཡང་ན་ཁྲིམས་ལུགས་སོགས་དྲིལ་བསྒྲགས་བྱེད་དགོས་ལ། ཞང་ཐོག་གི་ལས་བྱེད་མི་སྣ་རྣམས་ལམ་ཐག་རིང་མོར་བསྐྱོད་རྗེས་སླེབས་ཀྱི་ཡོད་པ་རེད། མི་རྣམས་ཀྱི་འདུག་ས་ཁ་འཐོར་ཡིན་པ་དང་དེ་བཞིན་ཕྱི་རུ་སོང་ནས་ལས་ཀ་གཉེར་བའི་ཞིང་པ་ཅུང་མང་བས། དྲིལ་སྒྲོག་གི་ལས་ཀ་སྤེལ་ཚེ་དཀའ་ཁག་ཧ་ཅང་ཆེན་པོར་འཕྲད་བཞིན་ཡོད་ཟེར།

རྫ་མ་སྐེ་ཞང་ལ་ཁྱོན་བསྡོམས་སྲིད་འཛིན་གྲོང་ཚོ་བརྒྱད་དང་། ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ཞེ་དགུ མི་སྟོང་བཞི་དང་དགུ་བརྒྱ་ཉེར་གཉིས་ཡོད་ལ། ཞང་ཡོངས་སུ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ལྔ་བརྒྱ་ལྷག་ཡོད་ཅིང་། ཞང་ཐོག་གི་ལས་བྱེད་མི་སྣ་ཁོ་ནར་བརྟེན་ན་སྲིད་ཇུས་མང་པོ་ཞིག་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དུས་ལྟར་བརྒྱུད་སྒྲོག་བྱེད་དཀའ་བ་རེད། རོང་འབྲོག་ཁྱིམ་ཚང་ལ་མཚོན་ནས་བཤད་ན། ཞང་ཐོག་ཏུ་ཡོང་ནས་བྱ་བ་སྒྲུབ་ནའང་དེ་འདྲ་སྟབས་བདེ་ཞིག་མིན་ཞིང་། དཀའ་ངལ་ལ་འཕྲད་སྐབས། རྫ་མ་སྐེ་ཞང་གི་ལས་བྱེད་མི་སྣ་རྣམས་ཀྱིས་ཕྱི་བཤོལ་མི་བྱེད་པར་འབད་བརྩོན་གྱིས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད།

ན་ནིང་ནས་བཟུང་། རྫ་མ་སྐེ་ཞང་ཏང་ཨུ་དང་སྲིད་གཞུང་གིས་བརྟག་དཔྱད་ཐེངས་མང་བྱས་པ་བརྒྱུད་དེ། སྟབས་བདེའི་ལག་ཐོགས་ཁ་པར་གྱི་འཕྲིན་གཏོང་སྒྲིག་ཆས་བྱེད་ལས་བཀོལ་སྤྱོད་བྱས་ཏེ། འཕྲིན་ཕྲན་ཚོགས་པ་དང་། ཞང་ཏང་སྲིད། སྡེ་བའི་ཨུ་ཡོན་ཚོགས་པ་གཉིས་ཀྱི་སྐད་འཕྲིན་ཚོགས་པ་བཙུགས་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་མང་ཚོགས་ཀྱི་སྐད་འཕྲིན་ཚོགས་པ་གཉིས་བཙུགས། སྐད་འཕྲིན་ཚོགས་པ་ཆེན་པོ་གསུམ་བཙུགས་པ་བརྒྱུད། དུས་ཐོག་ཏུ་ཏང་གི་གཟིགས་སྐྱོང་སྲིད་ཇུས་དང་སྒྲིག་སྲོལ་ལམ་ལུགས་ཁག་མང་ཚོགས་ཀྱི་ལག་ཐོགས་ཁ་པར་ནང་བསྐུར་ཐུབ་པ་བྱུང་བས། མ་རྩ་གྲོན་ཆུང་བྱེད་ཐུབ་པར་བྱུང་བར་མ་ཟད། དྲིལ་བསྒྲགས་ཀྱི་ཕན་འབྲས་ཀྱང་ཧ་ཅང་མངོན་གསལ་ཐོན་ཡོད་པ་རེད།  མང་ཚོགས་ལ་མཚོན་ནས་བཤད་ན། ཁོ་ཚོས་དོ་ཁུར་བྱེད་བཞིན་པ་ནི་རྒན་གསོའི་མ་དངུལ་ནམ་ཞིག་ལ་མར་སྟེར་བ་དང་། གནད་ཁེལ་དབུལ་སྐྱོར་ལས་གཞི་ལག་ལེན་བསྟར་བྱེད་པ་སོགས་ཀྱི་སྲིད་ཇུས་རེད། པོད་ཆུང་གཉིས་དང་མགྲོན་སྣེ་གཅིག་གི་ལས་ཀ་བྱེད་སྟངས་དེས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སྲིད་ཇུས་ཀྱི་ནང་དོན་དག་མགྱོགས་པོར་རྒྱུས་ལོན་བྱེད་ཐུབ་པ་བྱུང་དུ་བཅུག་པས། ཕན་འབྲས་ཧ་ཅང་ཡག་པོ་ཐོབ་ཞེས་ཡོན་ཡེ་ཧྥེ་ཡིས་མྱོང་ཚོར་ཟབ་མོའི་ངང་ནས་དེ་ལྟར་བཤད།

མུ་མཐུད་དུ་འཚོལ་ཞིབ་བྱེད་པའི་ཁྲོད་དུ། རྫ་མ་སྐེ་ཞང་གིས་པོད་ཆུང་གཉིས་དང་མགྲོན་སྣེ་གཅིག་གི་སྟབས་བདེའི་དགེ་མཚན་བེད་སྤྱོད་བྱས་པ་དང་།  ཀྲི་པུའུ་ཡི་ལས་ཀའི་བྱེད་སྟངས་ལ་བརྟེན་ནས་ཞང་ཡོངས་སུ་ཐོ་འགོད་བྱས་པའི་མཉམ་ལས་ཁང་སྣ་ཚོགས་ཁྲོད་ཏང་ཀྲི་པུའུ་བཙུགས་པས། ཏང་ཡོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། འཇོན་ཐང་ཅན་གྱི་མི་སྣས་གྲུབ་འབྲས་བསྐྲུན་ཏེ། རོང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་རོགས་འདེགས་གང་ལེགས་བྱེད་ཐུབ་པ་བྱུང་། ཧི་ཏུང་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལ་མཚོན་ན། ཆུ་ལེན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱབ་སྐྱོར་འོག་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་བེད་སྤྱོད་དང་། སྡེ་བས་བཞོན་མ་དང་འབྲི་གཡག་གསོས། དུས་མཚུངས་སུ། ཧི་ཏུང་སྡེ་བར་དབུལ་སྐྱོར་མ་དངུལ་དང་། རོགས་སྐྲུན་མ་དངུལ། ཐོན་ལས་མ་དངུལ་ཁྱོན་བསྡོམས་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཡོད་པ་དང་། ལེགས་སྒྲིག་བྱས་རྗེས། མ་དངུལ་དེ་ས་དེའི་ཧི་ཏུང་གློག་ཁང་འཛུགས་སྐྲུན་བྱེད་པར་གཏོང་རྒྱུ་ཡིན་པ་དང་། ལོ་རེའི་བསྡུར་ཚད་དེ་བརྒྱ་ཆའི་བརྒྱད་ལས་མི་དམའ་བར་བྱེད་རྒྱུ་ཡིན་ལ། དབུལ་ཕོངས་མི་གྲངས་ཞེ་དགུ་ལ་བྱ་དགའ་སྟེར་རྒྱུ་ཡིན་ཞིང་། དེ་ནི་ཀྲི་པུའུ་བྱ་བའི་བྱེད་ཐབས་ཀྱི་མངོན་ཚུལ་གལ་ཆེན་ཞིག་རེད།

གནས་བབ་གསར་པའི་འོག ཅི་ལྟར་མི་དམངས་མང་ཚོགས་ཀྱི་ཧུར་སེམས་སྐུལ་སློང་དང་། ཡང་དག་པའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་གཏན་འབེབས་བྱེད་པ། དམངས་ཀྱི་འཚོ་བར་མཐོང་ཆེན་དང་། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་དངོས་པོའི་ཁེ་ཕན་བསྐྲུན་པ་ལས་གཞན། བསམ་པའི་རིག་གནས་ཀྱི་སྟོབས་ཤུགས་ལ་མཐོང་ཆེན་གང་ལེགས་བྱས་ནས། འདུ་ཤེས་འཛིན་སྟངས་ཀྱིས་བྱ་བར་སྣེ་ཁྲིད་དང་། མི་ལ་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་ལ་སྐུལ་འདེད་བྱེད་པ་དང་། མིའི་དམིགས་བསལ་གྱི་ནུས་པར་སྐུལ་སློང་བྱེད་པ། སྤྱི་ཚོགས་ཀྱི་ཁོངས་མི་སོ་སོའི་དགའ་སྣང་སྐུལ་སློང་བྱས། 

རྫ་མ་སྐེ་ཞང་སྲིད་གཞུང་གི་སྒོ་འགྲམ་དུ་གསར་འགོད་པས་འགྲེམས་པང་ཉི་ཤུ་མཐོང་བ་དང་། དེའི་སྟེང་དུ་སྒྱུག་མོ་ཡག་པོ་དང་། མནའ་མ་ཡག་མོ། སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་གི་མིང་བྱང་སྤྱི་བསྒྲགས་བྱས་ཡོད། དུས་མཚུངས་སུ་ཞང་ཐོག་དུ་པོད་ཆུང་གཉིས་དང་མགྲོན་སྣེ་གཅིག་གི་སྟེགས་བུ་བེད་སྤྱོད་བྱས་ཏེ། མི་བཟང་དོན་བཟང་ལ་དགའ་བའི་མི་སྣ་འདེམས་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་། བསམ་པའི་དཔལ་ཡོན་གྱིས་ས་ཁོངས་མུ་མཐུད་དུ་རྒྱ་སྐྱེད་པར་སྣེ་ཁྲིད་བྱས།

དེ་ལས་མཐོང་ཐུབ་པ་ནི། ཧུར་བརྩོན་གྱིས་སྔོན་ཐོན་དཔེ་སྟོན་གྱི་རྣམ་པ་བསྐྲུན་པ་དང་། ཕུལ་བྱུང་གི་མཛད་རྗེས་དྲིལ་བསྒྲགས་བྱེད་པ་སྟེ། དེ་ནི་སྤྱི་ཚོགས་སྟེང་དུ་གོམས་སྲོལ་བཟང་པོ་ཆགས་པར་སྐུལ་འདེད་བྱེད་པ་དང་། མང་ཚོགས་ཀྱི་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དེ་ཡིན་ལ། དེས་མང་ཚོགས་ཀྱི་མཐུན་སྒྲིལ་སྟོབས་ཤུགས་ཇེ་དྲག་དང་། མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ལ་དགའ་སྣང་བྱེད་པར་སྐུལ་སློང་བྱེད་པ། སྤྱི་ཚོགས་མདུན་སྐྱོད་ལ་སྐུལ་འདེད་བྱེད་པར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་གཞི་རྩའི་བྱེད་ཐབས་ཤིག་ཡིན། 

ཡོན་ཡེ་ཧྥེ་ཡིས་བཤད་རྒྱུར། གོ་བདེ་བར་བཤད་ན། ཀྲི་པུའུ་ནི་ཏང་གི་དར་ཆ་ཞིག་ཡིན་པ་དང་། ང་ཚོས་རྒྱུན་དུ་དར་དམར་ས་གང་དུ་བཙུགས་ཡོད་ན་ཀྲི་པུའུ་ཡི་ནུས་པ་དེ་རུ་འདོན་དགོས་པ་དང་། ཏང་རྟགས་སུ་ཡི་བྲང་ཁར་བཏགས་ཡོད་པ་དེ་ཡང་ཚང་མས་བསམ་གཞིགས་གཏོང་དགོས་པའི་གནད་དོན་ཞིག་ཡིན། ཀྲི་པུའུ་ཡི་དར་ཆའི་འོག་ཏུ། ང་ཚོའི་བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པ་བྱུང་བ་དང་། ཁྱབ་བསྒྲགས་བྱས་པའི་ནང་དོན་དེ་སྡེ་བའི་ཀྲི་པུའུ་ཡིས་དུས་ལྟར་རྒྱུས་ལོན་བྱས་ནས་མང་ཚོགས་ལ་དུས་ལྟར་ཤེས་སུ་བཅུག་པ་དེས་ང་ཚོའི་བྱ་བའི་ཁ་ཕྱོགས་འགྲིག་འདུག་པ་གསལ་བཤད་བྱས་ཡོད་ཟེར།

ལོ་འདི་དག་གི་རིང་ལ།  རྫ་མ་སྐེ་ཞང་གིས་དྲུག་པའི་གླུ་རོལ་དང་། ལ་གཞས་འགྲན་སྡུར། སྒོ་མེ་རྩེད་རིགས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་། མི་རིགས་ཀྱི་མདའ་འཕེན་སོགས་སྣ་མང་ཕུན་སུམ་ཚོགས་པ་དང་མང་ཚོགས་ཀྱི་ལྟ་འདོད་ཉན་སྤྲོའི་བྱེད་སྒོ་ལ་བརྟེན་ནས། མང་ཚོགས་རང་ཉིད་ཀྱིས་རང་ཉིད་ལ་འཇོན་ཐང་མངོན་སའི་སྟེགས་བུ་ཞིག་བསྐྲུན་ཏེ། མི་རེ་རེ་རིག་གནས་བྱ་འགུལ་ཁྲོད་ཞུགས་པ་དང་། མི་རེ་རེས་རིག་གནས་གྲུབ་འབྲས་ཉམས་སུ་མྱངས་སྟེ། གཞི་རིམ་གྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བྱས།

བྱ་འགུལ་སོ་སོ་སྤེལ་བའི་ཁྲོད། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བསམ་བློའི་འཐབ་ར་བརྟན་སྲུང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བས་སྤྱི་ཚོགས་ཀྱི་བསམ་བློ་ལ་ཁྲིད་སྟོན་དང་། སྤྱི་ཚོགས་ཀྱི་ཐུན་མོང་ལྟ་བ་གཅིག་བསྡུས་བྱས་ནས། བསམ་བློའི་གླེང་ཕྱོགས་གཙོ་བོ་སྟོབས་ལྡན་དུ་གཏོང་བ་དང་། མང་ཚོགས་ཀྱི་བསམ་བློ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མང་ཚོགས་བསམ་པའི་སྟོབས་ཤུགས་ཇེ་ཆེར་བཏང་།

གསར་འགོད་པས་བཅར་འདྲི་མཇུག་རྫོགས་སྐབས། ཁོ་ཚོ་ཧི་ཏུང་སྡེ་བའི་སངས་ལོ་ལ་འཕྲད་བྱུང་། ཁོར་རྒྱལ་ཁབ་ཀྱི་སྲིད་ཇུས་སོ་སོར་ཅི་ལྟར་རྒྱུས་ལོན་བྱས་པ་ཡིན་པའི་སྐོར་ནས་འདྲི་སྐབས། འབྲོག་པ་དེས་ཁུག་མའི་ནང་གི་ལག་འཁྱེར་ཁ་པར་བླངས་ཏེ་གསར་འགོད་པར་བཤད་རྒྱུར། ངས་སྐད་འཕྲིན་གྱི་སྟེགས་བུ་འདི་བརྒྱུད་དེ་སྲིད་ཇུས་ལ་རྒྱུས་ལོན་བྱས་པ་དང་། སྔོན་ཆད་ཡིན་ན་དངོས་སུ་ཞང་ཐོག་ཏུ་སོང་ནས་བློ་འདྲི་བྱེད་བཞིན་ཡོད་ལ། ད་ལྟ་ལག་འཁྱེར་ཁ་པར་ལས་བརྡ་འཕྲིན་མང་པོར་རྒྱུས་ལོན་བྱེད་ཐུབ་ཅིང་། དུས་ནམ་ཞིག་ལ་སྨན་བཅོས་འགན་སྲུང་སྤྲོད་དགོས་པ་དང་། རྨོ་འདེབས་ཁ་གསབ་ཅི་ཙམ་ཡོད་པ། དབུལ་སྐྱོར་རྣམ་གྲངས་རང་ཁྱིམ་གྱིས་ཉམས་སུ་མྱོང་ཐུབ་མིན་སོགས་རང་ཉིད་དང་འབྲེལ་ཡོད་པའི་སྲིད་ཇུས་གསལ་བོར་ཤེས་ཐུབ་ཟེར། 

རྫ་མ་སྐེ་ཞང་གི་བྱེད་སྟངས་དེ་དག་གི་ཁྲོད་དུ་ང་ཚོས་མཐོང་ཐུབ་པ་ནི་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་བཟང་པོར་སྒྲུབ་ཡོད་མེད་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་མེད་གསལ་བོར་མཐོང་ཐུབ། ཏང་གི་མང་ཚོགས་ཀྱི་རྨང་གཞི་དང་ཆབ་སྲིད་ལག་བསྟར་རྨང་གཞིའི་ནང་དུ་དངོས་པོ་དང་བསམ་བློ་ཕྱོགས་གཉིས་ཡོད་པ་དང་། དངོས་པའི་དཔལ་ཡོན་འཛུགས་སྐྲུན་དང་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་གཉིས་བཟང་པོར་སྒྲུབ་ན། ད་གཟོད་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་བློའི་འཚོ་བ་ལེགས་བཅོས་དང་། བྱ་བ་སོ་སོ་བདེ་བླག་ངང་ནས་འཕེལ་རྒྱས་སུ་འགྲོ་ཐུབ།

ལོ་ཙཱ། ཚེ་རིང་སྒྲོལ་མ།