དཔྱིད་ཀ་ཚུགས་བྱུང་། ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་སྡེ་བ་རུ་ཁག་གསུམ་པའི་སྡེ་མི་གཡང་སྐྱིད་ཚེ་རིང་ཁོ་ཚང་གི་ར་སྐོར་གསར་བའི་ནང་བྲེལ་འཚུབ་ཀྱིས་ཁེངས་འདུག གཡང་སྐྱིད་ཚེ་རིང་ནི་དབུལ་སྐྱོར་བྱས་ནས་ས་གཞན་དུ་གནས་སྤར་བའི་ཁྱིམ་ཚང་གི་མི་ཞིག་ཡིན་པའི་ཆ་ནས་ན་ནིང་ཁོས་སྲིད་གཞུང་གི་ཁ་གསབ་སྒོར་མོ་ཁྲི་དགུ་ལོངས་སུ་སྤྱོད་ཐུབ་པར་གྱུར། དཔྱིད་ཀའི་དྲོད་འཇམ་གྱི་ཉི་ཟེར་དྲོན་མོའི་ཁྲོད་དུ། ཁོ་ཚང་གི་གྱན་བརྒྱད་ཡོད་པའི་ཁང་བ་གསར་བ་རྣམས་གྲལ་ལྟར་བསྒྲིགས་ཡོད་པ་དང་། བདག་མོས་ཁང་བའི་ཕྱི་ནང་ཀུན་ཏུ་གད་བདར་བྱས་པ་ཧ་ཅང་གཙང་།
གཡང་སྐྱིད་ཚེ་རིང་ཚང་ལ་བཟའ་མི་དྲུག་ཡོད་པ་དང་། ཁོ་ཚང་གི་བྱིས་པ་གཅིག་སློབ་གྲྭ་ཆེན་མོར་འགྲོ་བཞིན་ཡོད་པ་དང་། ཞི་ལི་ཆུང་བ་རྫོང་མཁར་གྱི་སློར་གྲྭར་འགྲོ་བཞིན་ཡོད། ཁྱིམ་ཚང་དེར་ས་ཞིང་སྤྱི་ཆིངས་ཐིག་དང་གྲངས་ཆུང་ལྔ་གསུམ་ཡོད་པ་དང་། དེའི་སྟེང་དུ་གཙོ་བོ་གྲོ་དང་། ལོག་དཀར་འདེབས་བཞིན་ཡོད། ཞིང་ལས་ལ་བྲེལ་འཚུབ་མི་ཆེ་བའི་སྐབས་སུ། ཁོ་རང་རྫོང་མཁར་དུ་སོང་ནས་ཞོར་ལས་གཉེར་བཞིན་ཡོད་པ་དང་། ཞོར་ལས་གཉེར་བའི་སྒོར་མོ་དེ་དག་གིས་ཁྱིམ་ཚང་གི་འཚོ་བའི་ཁ་གསབ་བྱེད་བཞིན་ཡོད། དཔལ་འབྱོར་གྱི་ཡོང་སྒོ་སྣ་གཅིག་རྐྱང་དང་ཡོང་སྒོ་བརྟན་འཇགས་མིན་པས། ཁྱིམ་ཚང་གི་དཔལ་འབྱོར་ཁུར་བོ་ཅུང་ལྕི་བ་རེད། ཡིན་ནའང་། ཁོ་ཚང་ནི་ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་པའི་དབུལ་སྐྱོར་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས་མ་མཐའི་འཚོ་བའི་འགན་སྲུང་དངུལ་སོགས་གཟིགས་སྐྱོང་སྲིད་ཇུས་ཉམས་སུ་མྱོང་བཞིན་ཡོད། ཁོས་བཤད་རྒྱུར། བྱིས་པ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཏེ་བྱ་བའི་སྟེང་ཞུགས་ཐུབ་པ་བྱུང་ན་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཐུབ་རྒྱུ་རེད་ཟེར།
འཚམས་འདྲིའི་ངལ་གསོའི་སྐབས་སུ། གཡང་སྐྱིད་ཚེ་རིང་གི་རྒན་མོས་རང་ཉིད་ཀྱིས་ལས་པའི་གོ་རེ་ཆེན་པོ་ཞིག་ཁྱེར་ཡོང་བ་དང་། ཇ་ཚ་མོ་ཞིག་བླུགས། སྟག་རིག་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྐལ་བཟང་རྒྱལ་གྱིས་གོ་རེ་ལེབ་མོ་ཞིག་བླངས་ནས་གསར་འགོད་པར་བྲོ་བ་མྱངས་སུ་བཅུག་པ་དང་། དེའི་འཕྲོར་བཤད་རྒྱུར། གོ་རེ་འདི་ནི་རང་གིས་སྐྱུར་རྟ་བསྙལ་བ་ལས་བཟོས་པ་ཞིག་ཡིན་པ་ལས་གཞན་པའི་སྦྱོར་རྟ་ཅི་ཡང་བསྲེས་མེད་ཟེར། བཤད་ཚར་རྗེས། རང་ཉིད་ཀྱིས་ཀྱང་གོ་རེ་ལེབ་མོ་ཞིག་བླངས་ཏེ་ཟོས།
སྐལ་བཟང་རྒྱལ་གྱིས་ཟ་ཞོར་དུ་ང་ཚོར་བཤད་རྒྱུར། སྡེ་བའི་མཐའ་འཁོར་དུ་ཆུ་ཕྲན་ཞིག་ཡོད་པ་དང་། ས་དེའི་མང་ཚོགས་ཀྱིས་དེ་ལ་རྒྱབ་རི་ཆུ་བོ་ཞེས་འབོད་ལ། སྔོན་ཆད་སྡེ་བའི་ཁྱིམ་ཚང་ཚང་མ་ཆུ་ཕྲན་དེའི་ཤར་ཕྱོགས་སུ་ཆགས་ཡོད། སྡེ་བ་དེའི་རི་འདབས་སུ་ཆགས་ཡོད་པས། ལོ་རེར་འདམ་ཟགས་བཞུར་ཡོང་ནས་གནོད་པ་ཐེབས་བཞིན་ཡོད་པས། ཁྱིམ་ཚང་ཚང་མ་ཆུ་ཕྲན་དེའི་ནུབ་ཕྱོགས་ཀྱི་སྟེགས་བུའི་སྟེང་གནས་སྤོར་འདོད་ཀྱང་། འགྲོ་གྲོན་ཅུང་མཐོ་བས་འགྲོ་འདོད་ཀྱང་གནས་སྤོ་མ་ཐུབ་པར་བསྡད་ཡོད་པ་རེད། རྗེས་སུ། ཁྲི་ཀ་རྫོང་དབུལ་སྐྱོར་ཅུའུ་ཡིས་ཤུགས་ཆེན་པོས་རོགས་སྐྱོར་གྱི་འོག་ཏུ། སྔ་གཞུག་ཏུ་ཁྱིམ་ཚང་ཉེར་ལྔ་གནས་སྤར་བར་མ་ཟད། ཁང་བ་གསར་བའི་ནང་འདུག་ཐུབ་པ་བྱུང་ལ། ཁྱིམ་ཚང་རེ་རེར་སྒོར་མོ་ཁྲི་དགུས་ཁ་གསབ་བྱས་པ་དང་། ཁྱིམ་ཚང་གཞན་དག་ཚང་མ་ད་ལོར་གནས་སྤར་ཐུབ་རྒྱུ་རེད།
སྐལ་བཟང་རྒྱལ་གྱིས་བཤད་རྒྱུར། སྡེ་བའི་ནང་གི་མི་ལ་མཚོན་ནས་བཤད་ན། ཁང་བ་ཕུབ་རྒྱུ་ནི་དཔལ་འབྱོར་གྱི་འགྲོ་སྒོ་ཆེས་ཆེ་བ་དེ་ཡིན་ལ། ཁང་བ་ཕུབ་པའི་སྟེང་དུ་ཁྱིམ་ཚང་གི་གསོག་དངུལ་ཚང་མ་བཀོལ་བཞིན་ཡོད་པར་མ་ཟད། ད་དུང་གཞན་ལ་སྒོར་མོ་ཡང་བསྐྱི་བཞིན་ཡོད། ད་ལྟ་ཁྱིམ་ཚང་ཚང་མའི་དཀའ་ངལ་དེ་ཐག་གཅོད་བྱས་ཡོད་པ་མ་ཟད། ད་དུང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན་པའི་གཞུང་ལམ་འགྲམ་རྒྱུད་དུ་གནས་སྤར་ཡོད་པས། རྫོང་མཁར་དུ་སོང་ན་སྟབས་བདེ་ཆེན་པོ་བསྐྲུན་ཡོད། སྔོན་ཆད་ཀྱི་སྡོད་གནས་དེ་ད་ལྟ་ཞིང་ས་རུ་སློག་པར་གྲ་སྒྲིག་བྱེད་བཞིན་ཡོད་ལ། དེ་ལྟར་བྱས་ན་ཁྱིམ་ཚང་རེ་རེའི་ས་ཞིང་ཇེ་ཆེར་འགྲོ་ཐུབ་ཅིང་། ཡོང་སྒོ་ཡང་ཇེ་མང་དུ་འགྲོ་ཐུབ་ཟེར།
སྟག་རིག་སྡེ་བ་ནི་འཕྲང་དམར་གྲོང་རྡལ་གྱི་ས་ཐག་རིང་བའི་གནས་སུ་ཡོད་པ་དང་། གཅན་ཚ་རྫོང་དང་ས་མཚམས་འབྲེལ་ཡོད། སྟག་རིག་སྡེ་བའི་ཁྱད་པར་ཅན་གྱི་ས་ཁམས་གནས་སྟངས་དང་། རོང་འབྲོག་པའི་ཡོང་སྒོ་ཆུ་ཚད་མི་མཐོ་བའི་རྐྱེན་གྱིས་ལོ་འདི་དག་གི་རིང་ལ། ས་དེའི་ཏང་དང་སྲིད་གཞུང་གི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཏུ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད། སྐལ་བཟང་རྒྱལ་གྱིས་བཤད་རྒྱུར། དུས་རིམ་རྗེས་མར་ཁོ་ཚོ་སྡེ་བས་ཆེད་ལས་མཉམ་ལས་ཁང་འགའ་བཙུགས་ཏེ། མ་ལག་ཚང་བའི་སྒོ་ནས་གསོ་སྤེལ་ལས་རིགས་འཕེལ་རྒྱས་དང་། ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་རྒྱུ་ཡིན་ཟེར།
སྐལ་བཟང་རྒྱལ་གྱི་བཤད་པ་དང་གཡང་སྐྱིད་ཚེ་རིང་གི་བདེ་སྐྱིད་ཀྱི་ངོ་གདོང་ལས་ཁོ་ཚོའི་མཛེས་སྡུག་གི་འཚོ་བར་རེ་སྙེགས་བྱེད་པའི་ཕུགས་འདུན་དེ་རྟོགས་ཐུབ། ཉེ་འཁོར་གྱི་དངོས་ཡོད་འགྱུར་ལྡོག་དེ་དག་གི་ཁྲོད་དུ། འཕེལ་རྒྱས་ཀྱིས་ཁོ་ཚོར་བསྐྱལ་ཡོང་བའི་ཕན་ཁེ་དེ་ཚོར་ཐུབ།
ཁྲི་ཀ་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོ་རྒྱུད་དུ་གནས་ཡོད། འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་མི་རིགས་ཀྱི་གྲུབ་ཆ་ཆེས་མང་བ། འདུས་སྡོད་ཀྱི་ཚད་ཆེས་མཐོ་བ། འབྲེལ་འདྲིས་དང་། བརྗེ་རེས། མཉམ་བསྲེས་བྱས་པ་ཆེས་མང་བའི་ས་ཁུལ་ཞིག་ཡིན། དུས་ཡུན་རིང་བོར། ས་དེའི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་མཉམ་དུ་མཐུན་སྒྲིལ་དང་། མཉམ་དུ་འཕེལ་རྒྱས་སོང་བར་བརྟེན། ཁྲི་ཀ་རྫོང་གི་ཐུན་མོང་མ་ཡིན་པའི་ས་གནས་རིག་གནས་དང་། མི་རིགས་རིག་གནས། དམངས་སྲོལ་རིག་གནས་སོགས་བསྐྲུན་ཏེ། མི་རིགས་སོ་སོའི་འབྲེལ་འདྲིས་དང་། བརྗེ་རེས། མཉམ་བསྲེས་བཅས་ཀྱི་སྤྱི་ཚོགས་རྨང་གཞི་རྒྱ་ཆེན་པོ་གསོ་སྐྱོང་བྱས།
ཁྲི་ཀ་རྫོང་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་ཀོ་ཧྥུའུ་ཞན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ས་དེའི་ཐོན་ལས་དབུལ་སྐྱོར་དང་། སྡེ་བ་ལེགས་སྒྲིག་དང་ཡར་སྐུལ་བྱེད་པ། ས་གཞན་དུ་གནས་སྤོ་བ་སོགས་ཀྱི་དབུལ་སྐྱོར་སྲ་བརྟན་བྱེད་ཐབས་གོ་རིམ་ཡོད་པ་དང་ཕན་འབྲས་མཐོ་བའི་སྒོ་ནས་ལག་བསྟར་བྱས་པ་དང་། ཐིག་གཉིས་གཅིག་སྒྲིལ་གྱི་གནད་ཕིགས་རིགས་དབྱེ་བྱ་བ་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ཤིང་། སྐོར་གཅིག་ཅན་དགུ་དང་ཆེད་དམིགས་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་སོགས་བཟོ་སྐྲུན་ཆེན་པོ་གསུམ་ལ་ཁྱོན་ཡོངས་ནས་ཡར་སྐུལ་བྱས་ཟེར།
ཀོ་ཧྥུའུ་ཞན་གྱིས་བཤད་རྒྱུར། དབུལ་སྐྱོར་བྱ་བའི་ཁྲོད། ང་ཚོས་ཡང་དག་པའི་སྒོ་ནས་ཧྲུའུ་ཅི་དང་པོ་གཅིག་བདམས་ནས་གནད་ཕིགས་དབུལ་སྐྱོར་ལ་མཛུབ་སྟོན་བྱེད་དུ་མངགས་པ་དང་། ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་དམིགས་འབེན་གཏན་ཁེལ་དང་། ལམ་བུ་བདམས་པ། བློ་བཀོད་འཐེན་པའི་བྱ་བའི་བསམ་ཕྱོགས་དང་དམ་པོར་འབྲེལ་ཏེ། དབུལ་སྐྱོར་སྡེ་བ་ནས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དགུ་བཙུགས་ཏེ། དབུལ་སྐྱོར་ལས་གཞི་ཞེ་དྲུག་བརྩོན་ལེན་དང་། མ་དངུལ་སྒོར་མོ་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་བདུན་ཁྲི་གཉིས་ལྷག་དངོས་འབེབ་བྱས་ཏེ། སྡེ་བ་གཅིག་ལ་ཐོན་རྫས་གཅིག་ཡོད་པའི་སྣེ་ཁྲིད་ཐོན་ལས་སྡེ་བ་བསྐྲུན་ཟེར།
ཁྲི་ཀ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་གྱི་བྱ་འགུལ་འགོ་ཁྲིད་ཚོ་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སུའུ་ཧྲིན་གྱིས་བཤད་རྒྱུར། ས་དེའི་ཏང་ཨུ་དང་སྲིད་གཞུང་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནངས་བའི་ཏན་ཏན་ཏིག་ཏིག་བཞིའི་སྙིང་སྟོབས་ཀྱི་མཛུབ་སྟོན་ལ་དམིགས་ཏེ། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་གཅིག་གྱུར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་བསྐྱོད་ཁུལ་གསར་སྐྲུན་དེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པར་འབད་པ་བྱེད་དགོས་ཟེར།
རེད་ཡ། མཐུན་སྒྲིལ་ནི་འཕེལ་རྒྱས་དང་། འཕེལ་རྒྱས་བྱུང་ན་མང་ཚོགས་ལ་ཁེ་ཕན་ཐོབ་ཏུ་འཇུག་དགོས། སྟག་རིག་སྡེ་བ་ནི་བྱ་བ་མང་པོའི་ཁྲོད་ཀྱི་གནད་འགག་ཅིག་རེད། སྡེ་བ་ཆུང་ཆུང་འདིའི་འཕེལ་རྒྱས་ཀྱི་ཁྲོད་དུ། ང་ཚོས་མཐོང་ཐུབ་པ་ནི་ཁྲི་ཀ་རྫོང་གི་མི་རིགས་བར་གྱི་འབྲེལ་འདྲིས་དང་། བརྗེ་རེས། མཉམ་བསྲེས་བཅས་ཀྱིས་མི་གྲངས་ཉུང་བའི་རྫོང་ཞིག་ནས་མི་རིགས་མཐུན་སྒྲིལ་གྱི་རྫོང་ཆེན་པོའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱས།
འཆར་གཞིའི་དཔལ་འབྱོར་དུས་རབས་དང་། ཚོང་རའི་དཔལ་འབྱོར་གྱི་དུས་སྐབས་གང་ཞིག་ཡིན་ཀྱང་། མཐུན་སྒྲིལ་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བ་དེ་ནི་ས་ཁུལ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཞིག་ཡིན་པ་རེད། ད་ལྟ་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ཁྲི་ཀ་རྫོང་ལ་མཚོན་ནས་བཤད་ན། མི་རིགས་སོ་སོ་མཐུན་སྒྲིལ་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དེ་སྔར་ལས་དགོས་ངེས་དང་གལ་ཆེན་ཞིག་ཏུ་མངོན་ཡོད་པ་རེད།
ལོ་ཙཱ། ཚེ་རིང་སྒྲོལ་མ།