གསར་འགོད་པ་བསྡད་ཡོད་པའི་རླངས་འཁོར་དེ་ཡངས་ཤིང་རྒྱ་ཆེ་བའི་བྱེ་མའི་འགྲམ་རྒྱུད་དུ་ཤུགས་ཀྱིས་རྒྱུགས་པ་ན། ན་གོར་མོ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྤྱི་ལེ་བདུན་གྱི་མཚམས་སུ་ཡོད་པའི་གདང་ལ་གྲོང་རྡལ་མིག་མདུན་དུ་མངོན་འོང་། གདང་ལ་གྲོང་རྡལ་གྱི་ཁང་བ་གྲལ་བསྟར་བསྒྲིགས་ཡོད་ལ། སྲང་ལམ་དག་གཙང་ཡིན། རྒྱལ་ཁབ་ཀྱི་གཙང་གསུམ་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་དངོས་འབེབས་བྱས་ཏེ་གནས་དེར་སྤར་ཡོང་བའི་འབྲོག་པ་མང་ཚོགས་ཀྱིས་གནས་དེ་རུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་འདུག
གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མི་ནོར་བུ་ཚེ་རིང་གིས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། སྲིད་གཞུང་གིས་ང་ཚོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་པར་མ་ཟད། ད་དུང་ང་ཚོའི་འཚོ་བར་སེམས་ཁུར་བྱས་ནས་རྒན་པ་དང་བྱིས་པའི་ཁ་གསབ་མ་དངུལ་ལེན་ཐུབ་པ་བྱུང་ལ། སྔོན་ཆད་དང་བསྡུར་ན། ང་ཚོའི་ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་བྱུང་ཡོད།
ཉེ་བའི་ལོ་འགའི་རིང་ལ། ན་གོར་མོ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་། དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་ཡར་སྐུལ་བྱེད་པའི་ཐད་ནས་བྱ་བ་འབོར་ཆེན་སྒྲུབ། འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཡིས་གསར་སྐྲུན་བྱ་བའི་ཁྲོད་མི་རིགས་གནད་དོན་དེ་སྣང་ཆུང་དུ་མི་བསྐྱུར་བར་མི་རིགས་བརྟན་ན་ཐམས་ཅད་བརྟན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། གཏིང་ཟབ་པོའི་སྒོ་ནས་བསྒྱུར་བ་བཞིའི་དགོངས་དོན་ལག་བསྟར་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་བའི་བསམ་ཕྱོགས་མུ་མཐུད་དུ་གསར་སྐྲུན་བྱེད་པ། སྡེ་བ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་སོ་སོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ཏེ། མཉམ་དུ་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། དམངས་ཀྱི་འཚོ་བ་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་བཅས་ཀྱི་རི་མོ་གསོན་ཉམས་ལྡན་པ་ཞིག་བྲིས།
མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་པ།
འབྲི་ཆུའི་མགོ་ཁུངས་སྡེ་བས་མཛེས་སྡུག་ལྡན་པའི་ཞང་གྲོང་འཛུགས་སྐྲུན་བྱེད་པའི་ཁྲོད། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་བྱ་བ་དེའི་ཁྲོད་བཞག་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་གོམས་སྲོལ་ལ་བརྩི་བཀུར་དང་། སྡེ་བའི་ལམ་འགྲམ་དུ་ཡོད་པའི་བྲག་རི་གཉིས་ཀྱི་སྟེང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་གོ་བདེ་བའི་སྒོ་ནས་རི་མོར་བྲིས་ཏེ་མང་ཚོགས་ལ་ལྟ་རུ་བཅུག འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭའི་ལག་ཤེས་ཐོན་རྫས་ཀྱི་སློབ་ཁྲིད་སྟེང་དུ། ལག་ཤེས་བཟོ་ལས་དང་མི་རིགས་ཤེས་བྱ་མཉམ་འདྲེས་བྱས་པར་དོན་སྙིང་སྔར་ལས་ཆེན་པོ་ལྡན། འགྲེལ་བཤད་པ་བཀྲ་ཤིས་རྡོ་རྗེ་ཡིས་སློབ་གྲྭ་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་བརྗོད་ན། དེ་ལས་ཀྱང་ཉན་སྤྲོ་ཞིང་ཡིད་ལ་འབབ་པ་ཞིག་རེད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞུང་ལུགས་དང་སྲིད་ཇུས་དེ་དྭངས་གཙང་གི་ཆུ་རྒྱུན་ཞིག་དང་འདྲ་བར་ང་ཚོའི་སེམས་ཁོངས་སུ་སིམ་གྱིན་གདའ། སྡེ་བའི་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཐོ་རླབས་ཤིག་འཕྱུར་བས། རིགས་སོ་སོའི་མང་ཚོགས་རྣམས་དཔལ་ཡོན་ལྡན་པའི་དུས་རབས་འདིར་འཆམ་མཐུན་ཞི་བདེའི་ངང་གནས་འདུག
གདང་ལ་གྲོང་རྡལ་གྱིས་ད་དུང་ཚོགས་པ་གཅིག་དང་སྐད་འཕྲིན་བརྒྱད་ཀྱི་བྱ་བའི་གླེང་སྟེགས་བཙུགས་ཏེ། དྲིལ་སྒྲོག་ཕན་ནུས་ལ་ཤུགས་སྣོན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་གྲོང་ཁྱེར་གྱི་གསར་སྐྲུན་བྱ་བའི་ཁྱབ་རྒྱ་དང་ཤེས་ཚད་ཇེ་མཐོར་བཏང་། དུས་མཚུངས་སུ། སྡེ་བའི་ནང་དུ་ད་དུང་མཉམ་གཅིག་ཏུ་འདུས་ནས་དྲིལ་སྒྲོག་སློབ་གསོ་གཏོང་བ་དང་། ཚན་རྩལ་གསོ་སྦྱོང་། གློག་རྡུལ་དཔེ་ཀློག དཔེ་ཆར་ལྟ་བ་སོགས་ཀྱི་བྱེད་ནུས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ལྟེ་གནས་འཛུགས་སྐྲུན་དང་། མི་རིགས་རིག་གནས་བྱ་འགུལ་སྤེལ་སའི་ཐང་ཆེན་དང་། རིག་གནས་ཁྱམས་ར་སོགས་གསར་འཛུགས་བྱས།
འབྲི་ཆུ་མགོ་ཁུངས་སྡེ་བས་ད་དུང་རྒྱལ་གཅེས་དང་། ཁྲིམས་བརྩི། ཡིད་ཆེས། གུས་ཞབས་ལྡན་པ་སོགས་ཀྱི་བླ་མེད་སློབ་གསོའི་བྱ་འགུལ་སྤེལ་བར་ཡར་སྐུལ་བྱས་ཏེ། སྡེ་བ་ཡོངས་ནས་ཡིད་ཆེས་སྲུང་འཛིན་བྱེད་པའི་ཁ་དབུགས་ཤིག་ཆགས་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་དྲང་བདེན་ནུས་པ་དར་སྤེལ་བྱས།
མི་རིགས་མཐུན་སྒྲིལ་གྱི་བློ་རྩ་གཅིག་ཏུ་བསྡུས་པ།
ཉེ་བའི་ལོ་འགའི་རིང་ལ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་། མཉམ་དུ་འཕེལ་རྒྱས་གཏོང་བའི་བརྗོད་བྱར་དམ་པོར་དམིགས་ནས། མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ཉིང་བཅུད་དང་ཟུང་འབྲེལ་བྱས་ཏེ། ང་ཚོའི་དུས་ཆེན་ཞེས་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་གཏིང་ཟབ་སྒོས་སྤེལ་ཏེ། ཐབས་ལམ་སྣ་མང་གི་སྒོ་ནས་རྣམ་པ་གསར་བའི་ཞིང་སྡེའི་རིག་གནས་འཚོ་བ་འགྲེམ་སྤེལ་བྱས།
དུས་ཆེན་དེ་གོ་སྐབས་སུ་བརྩིས་ཏེ། འབྲི་ཆུའི་སྡེ་བ་ནས་རྟ་རྒྱུགས་དང་། བོད་ཀྱི་དམངས་ཁྲོད་རྒྱན་གོས། ལ་གཞས་འགྲན་སྡུར་སོགས་བྱ་འགུལ་སྣ་མང་སྤེལ། ད་དུང་གཅིག་སེམས་གཅིག་སྦྲེལ་ཞེས་པའི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློ་བརྗེ་རེས་ལ་སྐུལ་འདེད་བྱས་ཏེ། སྡེ་བའི་རིག་རྩལ་སྤྲོ་ཚོགས་དང་། དམག་དམངས་མཉམ་འབྲེལ་གྱི་རིག་རྩལ་སྤྲོ་ཚོགས་བསྡུས་པ་བརྒྱུད་དེ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ཚྭ་འདམ་དབྱར་ལྗོངས་ཞེས་པའི་ཐང་ཆེན་རིག་རྩལ་འཁྲབ་སྟོན་དང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་སྐབས་གཉིས་པའི་དམངས་ཁྲོད་གླུ་གཞས་འགྲན་ཚོགས་སོགས་ལ་ཞུགས་ནས། མུ་མཐུད་དུ་རིགས་སོ་སོའི་མང་ཚོགས་བར་གྱི་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་། མཉམ་དུ་འཕེལ་རྒྱས་འགྲོ་བ། ཕུ་ནུའི་བརྩེ་སེམས། ཕན་ཚུན་རོགས་སྐྱོར་བྱེད་པ་སོགས་ལ་སྐུལ་འདེད་བྱས་ཏེ། འཆམ་མཐུན་གྱི་ཁོར་ཡུག་ཅིག་ཆགས།
མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པ།
ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན། ལོ་ན་སོ་གསུམ་ལ་སོན་པའི་ཚེ་རིང་འཚོ་ཡིས་གཙགས་དྲུབས་ཞིག་གཙགས་བཞིན་ཡོད། ཁོ་མོའི་མདུན་གྱི་ཅོག་ཙེའི་སྟེང་དུ་ཁ་དོག་སྣ་ཚོགས་ཀྱིས་ཕྱུག་པོའི་རྒྱན་ཆས་ཁེངས་འདུག ད་དུང་སིལ་སྡེར་དང་། ཇ་གདན། བུམ་པ་སོགས་ཡོད་ལ། དེ་ནི་ཚེ་རིང་འཚོའི་ལག་ཐོན་དངོས་རྫས་དག་དག་ཡིན། ཉིས་སྟོང་བཞི་ལོ་ནས་བཟུང་གདང་ལར་འབྲོག་ཁུལ་ནས་གནས་སྤར་རྗེས། ལག་ཤེས་དེ་དག་ནི་ཚེ་རིང་འཚོའི་ཁྱིམ་གྱི་དཔལ་འབྱོར་གྱི་ཡོངས་ཁུངས་ཁག་ཅིག་ཏུ་གྱུར་ཡོད་ལ། ཡང་གཅིག་བཤད་ན་དེ་ནི་ཕྱུགས་འཚོ་བའི་ཞོར་དུ་ཁོ་མོས་སྦྱངས་པའི་རྩལ་ནུས་གཞན་ཞིག་ཡིན།
འབྲི་ཆུའི་མགོ་ཁུངས་སྡེ་བ་རུ་ཚེ་རིང་འཚོ་དང་འདྲ་བར་རྩལ་ནུས་འདི་འདྲ་སྦྱངས་པའི་བུད་མེད་མང་པོ་ཡོད་ལ། འཚོ་བའི་འགྱུར་ལྡོག་དེ་དག་གིས་ཚང་མར་སེམས་ཚོར་ཞིག་བྱུང་བ་ནི་རིགས་སོ་སོའི་མང་ཚོགས་བར་དུ་མཐུན་སྒྲིལ་བྱེད་པ་དང་། མི་དང་མིའི་བར་ཕན་ཚུན་རོགས་རམ་བྱེད་པ་ནི་འཚོ་བ་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པ་དེ་རེད།
ཉིས་སྟོང་བཅུ་དྲུག་ལོར། གདང་ལ་གྲོང་རྡལ་འབྲི་ཆུ་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅུའུ་ཡིས་དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་བཞིའི་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཏེ། རྨང་གཞི་ལ་འགན་སྲུང་དང་། མི་འདང་ས་ཁ་གསབ། མས་ཐིག་སྐྱོར་བ་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་འཚོ་བའི་འགན་སྲུང་ཇེ་ཉུང་དུ་མི་གཏོང་བར་ཁག་ཐེག་བྱས་ཤིང་། མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་གསུམ་ཁྲི་བཞི་བཏང་སྟེ། འབྲི་ཆུ་མགོ་ཁུངས་སྡེ་བའི་འཕྲོད་བསྟེན་ཁང་དང་། སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་སོགས་དམངས་ཀྱི་འཚོ་བའི་འགན་སྲུང་ལས་གཞི་ལྔ་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་མོ་ས་ཡ་ལྔ་དང་འབུམ་གཉིས་ཁྲི་བདུན་ལྷག་བཏང་སྟེ། འབྲི་ཆུ་མགོ་ཁུངས་སྡེ་བའི་ཆུ་ཕྱིར་གཏོང་མ་ལག་བཅོས་བསྒྱུར་སོགས་སྐོར་ཁག་དང་པོའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས། ཤུགས་ཆེན་པོའི་སྒོ་ནས་ཏང་ཀྲི་པུའུ་དང་མཉམ་ལས་ཁང་མཉམ་འབྲེལ་བྱེད་པའི་རྣམ་པ་ཤུགས་ཆེན་པོའི་སྒོ་ནས་སྤེལ་ཏེ། ཞིང་སྡེའི་གཞི་རིམ་ཏང་འཛུགས་དང་དཔལ་འབྱོར་བྱ་བའི་འཁོར་བསྐྱོད་བཟང་པོར་ཡར་སྐུལ་བྱས། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་རྩལ་ནུས་ལས་ཞུགས་འཆར་འགོད་ཀྱི་གསོ་སྦྱོང་བརྒྱུད་དེ། ཉི་འོད་བཟོ་སྐྲུན་དང་། སྦྲང་ཆར་འཆར་འགོད་སོགས་ཀྱི་ཐབས་ལམ་བརྒྱུད་དེ། གསོ་སྦྱོང་ལས་གཞི་སོ་སོ་དང་མ་དངུལ་གཅིག་བསྡུས་བྱས་ཏེ། ས་བརྐོ་འཕྲུལ་ཆས་དང་ལག་འཐག་སོགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་སྒྲུབ་ཏེ། མང་ཚོགས་བརྒྱ་དང་བདུན་ཅུར་གསོ་སྦྱོང་བྱས་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་ངལ་རྩོལ་ལྷག་མ་ས་གཞན་དུ་སོང་ནས་ལས་ཞུགས་བྱེད་པར་སྐུལ་འདེད་བྱས་ཏེ་མང་ཚོགས་ཀྱི་གླ་ཕོགས་ཇེ་མཐོར་བཏང་། འབྲོག་ཁུལ་དུ་རྒན་གསོ་དང་། སྨན་བཅོས་ཡོངས་སུ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གི་རྣམ་པ་ཆེས་ཐོག་མར་གྲུབ།
གདང་ལ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་ཀྲའོ་ཧྲིག་ཡོན་གྱིས་བཤད་རྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ནི་དུས་ཡུན་རིང་བོའི་བྱ་བ་ཞིག་ཡིན་པ་དང་། དེང་སྐབས་གཏིང་ཟབ་པོའི་སྒོ་ནས་བསྒྱུར་བ་བཞིའི་བསམ་ཕྱོགས་གསར་བ་ལག་བསྟར་བྱས་ནས། ཏང་ཨུའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བ་བཟང་པོར་སྒྲུབ་ནས་རིགས་སོ་སོའི་མང་ཚོགས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་རྣམ་པ་གསར་བ་ཞིག་བསྐྲུན་ཡོད་ཟེར།
ལོ་ཙཱ། ཚེ་རིང་སྒྲོལ་མ།