ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧར་ཅིན་སྡེ་བའི་འབྲོག་པ་དབང་ཆེན་གྱིས་རང་ཁྱིམ་གྱི་རྩྭ་རའི་ནང་མ་མོ་རྣམས་ལ་གཟན་རྩྭ་སྣོན་པ་དང་ལུ་གུ་རྣམས་ལ་གསོ་ཆས་སྟེར་བ་སོགས་བྱས་ཏེ་མ་ཁོམ་པར་ཡོད་ཅིང་། དེ་ནི་ད་ལོར་ཁོས་ཡོང་སྒོ་སྔར་ལས་མང་པོ་ཞིག་ལེན་བསམས་པས་རེད། ཁྱད་ཆོས་ལྡན་པའི་གསོ་སྤེལ་བྱས་པ་བརྒྱུད། ད་ལྟ་དབང་ཆེན་དང་མཐའ་འཁོར་གྱི་འབྲོག་པ་ཚོའི་ཡོང་སྒོ་ནི་ལོ་རེ་ནས་ལོ་རེར་མང་བ་དང་འཚོ་བ་རོལ་སྟངས་ཀྱང་ལོ་རེ་ནས་ལོ་རེར་ཇེ་སྐྱིད་དུ་སོང་ཡོད། གསལ་ཞིང་ཡངས་པའི་སོ་ཕག་ཁང་བ། གང་དུ་འགྲོ་བར་སྟབས་བདེ་བའི་རླངས་འཁོར་ནི་སྡེ་བའི་ནང་ཉུང་ཉུང་ཙམ་མ་ཡིན་པར་ཕལ་ཆེར་ལ་ཡོད་པས། མི་རབས་མང་པོར་མཚོ་བྱང་གི་མཐོ་སྒང་འབྲོག་ཁུལ་དུ་འཚོ་བ་རོལ་བཞིན་པའི་བོད་རིགས་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བ་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
འདི་ནི་རང་ཞིང་གི་བོད་ཁུལ་འཕེལ་རྒྱས་མྱུར་ལམ་དུ་སྐྱོད་པའི་བསྡུས་གཟུགས་ཤིག་ཅི་ལ་མིན། འདས་ཟིན་པའི་ལོ་ཟླའི་ནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ཏེ་ནན་ཏན་གྱིས་ལག་ལེན་དངོས་འབེབས་བྱས་ནས། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པའི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དང་། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་དེང་སྐབས་ལ་ཕན་ཞིང་རྒྱང་རིང་ལ་མིག་གཏོད་པའི་བྱེད་ཐབས་ནུས་ལྡན་སྐོར་ཞིག་བཏོན་ཏེ་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཧུར་ཐག་གིས་ལག་ལེན་དངོས་འབེབས་བྱས་ཤིང་། བོད་ཁུལ་འཕེལ་རྒྱས་གཏོང་བའི་ཆེད་དུ་སྒུལ་ཤུགས་གསར་པ་བསྣན་ཡོད།
ལས་གཞི་ཆེན་པོས་བོད་ཁུལ་འཕེལ་རྒྱས་ཆེན་པོ་འབྱུང་བར་འདེགས་སྐྱོར་བྱས་པ།
ཉིན་རེ་དང་ཟླ་རེ་བཞིན་མི་འདྲ་བར་འགྱུར་ལྡོག་འབྱུང་བཞིན་པའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་བོད་ཁུལ་ལ་ཐོལ་བརྒལ་གྱི་འཕེལ་རྒྱས་མགྱོགས་པོ་འབྱུང་བའི་སྒོ་གླེགས་ཏེ་ཕྱེས་སོང་།
ལན་ཀྲིག་དང་ཞིན་ཅང་བར་གྱི་ལྕགས་ལམ་གཉིས་གཤིབ་མ་གཉིས་པ་ཤར་གཏོང་བེད་སྤྱོད་བྱས་པ་དང་། དུས་ཡུན་ལོ་ངོ་བདུན་རིང་འཛུགས་སྐྲུན་བྱས་པའི་བཀའ་འགྱུར་ཕུག་ལམ་གསར་བ་ཤར་གཏོང་བྱས་པས་མཚོ་བོད་ལམ་ཐིག་གི་མགྱོགས་ཚད་སྤར་བ་དང་། ཡུས་ཧྲུའུ་གནམ་གྲུ་ཐང་དང་གཏེར་ལམ་ཁ་གནམ་གྲུ་ཐང་། དཔའ་ཐུའུ་ཀོའུ་གནམ་གྲུ་ཐང་འཛུགས་གྲུབ་བྱུང་ནས་གནམ་གྲུ་ཤར་གཏོང་བྱས་པས། བོད་ཁུལ་དུ“ལྕགས་ལམ་དང་གཞུང་ལམ་དང་གནམ་གྲུའི་ལམ”ལངས་གཟུགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་རིམ་གྱིས་འཐུས་ཚང་དུ་འགྲོ་བ་བདེན་དཔང་བྱས།
དེང་སང་། མགོ་ལོག་གནམ་གྲུ་ཐང་དངོས་སུ་ཤར་གཏོང་བྱས་ཤིང་། ཆི་ལེན་གནམ་གྲུ་ཐང་དང་ན་གོར་མོ་གནམ་གྲུ་ཐང་རྒྱ་བསྐྱེད་བཟོ་འགོད་ཕྱོགས་ཡོངས་ནས་སྐྲུན་མགོ་བརྩམས། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་རྟ་ཆུ་འགག་ནས་རྟ་མཚོ་བར་ཤར་གཏོང་བཀོལ་སྤྱོད་བྱས་ཡོད། ན་གོར་མོ་ནས་ཁུ་ཨེར་ལེ་བར་གྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་ས་བར་གྱི་རྒྱ་བསྐྱེད་བསྒྱུར་བཀོད་བཟོ་སྐྲུན་མྱུར་དུ་ལས་བཞིན་ཡོད། ཚྭ་ཁ་ནས་ན་གོར་མོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། གཏེར་ལེན་ཁ་ནས་ཞིང་སྡེ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གནད་སའི་གཞུང་ལམ་ལས་གཞི་དགུ་ཡོངས་སུ་གྲུབ་ནས་རླངས་འཁོར་ཤར་གཏོང་བྱས་པ་དང་། ཞིང་སྡེའི་གཞུང་ལམ་སྤྱི་ལེ་སྟོང་བདུན་གསར་དུ་བསྒྱུར་སྐྲུན་བྱས། རང་ཞིང་གི་གཞུང་ལམ་དང་ལྕགས་ལམ། མཁའ་སྐྱོད་བཅས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱའི་འཛུགས་སྐྲུན་དང་བསྟུན་ནས། བོད་ཁུལ་གྱི་སྡོད་དམངས་འགྲོ་སྐྱོད་ལ་སྟབས་བདེ་བཟོས་པར་མ་ཟད། བོད་ཁུལ་ལ་མགྱོགས་མྱུར་འཕེལ་རྒྱས་ཀྱི་ལྗང་མདོག་གི་བགྲོད་ལམ་ཡང་བཏོད་པ་རེད། མགོ་ལོག་ཁུལ་གྱི་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་ཀྲང་གིས་བཤད་པ་ནང་བཞིན། མགོ་ལོག་གནམ་གྲུ་ཐང་བདེ་བླག་ངང་ཤར་གཏོང་བྱས་པ་དེས། མགོ་ལོག་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཚད་ཡར་སྤར་སྲིད་པ་དང་། ནུས་ལྡན་གྱི་སྒོ་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ངེས་རེད།
རང་ཞིང་གིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བོད་ཁུལ་གྱི་ལས་གཞི་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་དང་། ཕྱོགས་གང་ཅིའི་ཐད་ནས་བོད་ཁུལ་གྱི་དཔལ་འབྱོར་མཐུན་སྦྱོར་སྐྱོན་བྲལ་ངང་འཕེལ་བར་ཡར་སྐུལ་བྱས།
སློབ་གསོའི་ཕྱོགས་ནས། བོད་ཁུལ་གྱི་ཁུལ་དྲུག་གི་སློབ་མ་ཡོངས་རྫོགས་ལ་ལོ་བཅོ་ལྔ་རིང་རིན་མེད་སློབ་གསོ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། སོ་སོར་འབྲིང་རིམ་ལས་རིགས་སློབ་གྲྭ་གཅིག་རེ་འཛུགས་བསྐྲུན་བྱས། སློབ་སྔོན་སློབ་གསོའི་བྱིས་སྙོར་ཁང་དང་སློབ་གསོའི་རྨང་གཞི་ཞན་པའི་རྫོང་དུ་མཐོ་འབྲིང་དཀྱུས་མ་འཛུགས་སྐྲུན་བྱེད་པ་དང་འབྲིང་རིམ་ལས་རིགས་སློབ་གསོ། དགེ་རྒན་འཁོར་རྒྱུག་མལ་ཁང་སོགས་ཀྱི་ལས་གཞི་རེ་བཞི་འཛུགས་སྐྲུན་ལག་བསྟར་བྱས།
འཕྲོད་བསྟེན་གྱི་ཕྱོགས་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་བྱིས་པའི་སྨན་བཅོས་ཞབས་ཞུའི་མ་ལག ནད་རིགས་ཆེན་པོའི་སྔོན་འགོག་ཚོད་འཛིན་མ་ལག མ་བུ་བདེ་ཐང་དང་འཆར་ལྡན་བུ་སྐྱེས་ཞབས་ཞུའི་མ་ལག ས་གནས་དང་གྲོང་ཁྱེར་རིམ་པའི་སྨན་ཁང་སོགས་ལས་གཞི་ཉེར་གཉིས་འཛུགས་སྐྲུན་ལག་བསྟར་བྱས།
ཆུ་བེད་ཀྱི་ཕྱོགས་ནས། ཧུར་ཐག་གིས་ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་གཏོང་བ་བརྩོན་ལེན་དང་དངོས་འབེབས་བྱས་ནས། བོད་ཁུལ་གྱི་ཁུལ་དྲུག་གི་རྨ་ཆུའི་འབབ་རྒྱུད་དུ་བྱ་སྤྱོད་དྲུག་འགོག་པ་ལག་བསྟར་བྱས་ཤིང་། ན་གོར་མོ་ཆུ་བོ་དང་འཇུ་ལག་ཆུ་བོ། རོང་བོ་དགུ་ཆུ། རྩེ་ཆུ་བཅས་ཀྱི་ཆུ་ལག་གལ་ཆེན་དག་ལ་བཅོས་སྐྱོང་བྱས་པ་དང་། ལ་ཟེ་བའི་ཞིང་ཆུ་འདྲེན་ཡུལ་དང་ཁྲི་ཀའི་ནུབ་ཆུའི་ཞིང་ཆུ་འདྲེན་ཡུལ་སོགས་ཀྱི་འདྲེན་ཁུལ་ཆེ་རིགས་མཐུད་སྐྲུན་གྱི་ཆ་ཚང་བའི་ཆུ་གྲོན་ཆུང་བསྒྱུར་བཀོད་དང་། ཆུ་གསོག་འགག་གི་ཆུ་བེད་འགག་རྩ་སོགས་གནད་སའི་རྐང་འཛིན་བཟོ་འགོད་དང་གནད་སའི་ཆུ་བེད་བཟོ་འགོད་ཀྱི་འཕེལ་ཚད་བདེ་བླག་ཡིན་པ་རེད།
དམངས་ཚིས་ཆེན་པོས་བོད་ཁུལ་གྱི་མང་ཚོགས་ལ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་དུ་བཅུག་པ།
རྒྱལ་ཁབ་སྡོམ་རྩིས་ཅུས་མཚོ་སྔོན་བརྟག་བཤེར་སྤྱི་ཁྱབ་རུ་ཁག་གི་གཞི་གྲངས་ལས་མངོན་པ་ལྟར་ན། བྱེད་ཐབས་གང་མང་བརྒྱུད་ནས། 2010ལོ་ནས2016ལོའི་བར་དུ། མཚོ་སྔོན་བོད་ཁུལ་གྱི་ཞིང་སྡེའི་རྒྱུན་འདུག་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་ནི་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་བརྒྱད་དྲུག་འཕར་བ་དང་། ལོ་དྲུག་ལ་བརྟན་བརླིང་ངང་འཕར་བ་མངོན་འགྱུར་བྱུང་།
གཞི་གྲངས་ལས་བོད་ཁུལ་གྱི་འབྲོག་པའི་གདོང་གི་འཛུམ་མདངས་རེ་རེ་མངོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཞང་གི་འབྲོག་པ་རྒྱ་མཚོ་ནི་སྐྱེ་ཁམས་ལྟ་སྲུང་བ་ཞིག་ཡིན། ཁོའི་ཉིན་རེ་རེའི་བྱ་བ་ནི་འཕྲུལ་རྟ་ལ་བཞོན་ནས་རྩྭ་ཐང་ལ་སྐོར་སྐྱོད་ལྟ་སྲུང་བྱེད་རྒྱུ་དེ་རེད། ཟླ་རེ་རེར་སྒོར་ཉིས་སྟོང་ཙམ་གྱི་གཏན་འཇགས་གླ་ཕོགས་ཡོད་པ་དེས། ཁྱིམ་ཚང་གི་ཁུར་པོ་མི་ཉུང་བ་ཞིག་ཇེ་ཡང་དུ་བཏང་།
2016ལོར། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། མཚོ་སྔོན་གྱིས་ད་ཡོད་ཀྱི་རྩྭ་ཐང་དང་བརླན་ས། ནགས་ས་ལྟ་སྲུང་གི་ལས་གནས་གཅིག་གྱུར་གྱིས་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་དང་སྦྲེལ་ཏེ། གླིང་ཁུལ་གྱི་བརླན་ས་དང་ཆུ་རྐ ནགས་ས། རྩྭ་ས། རི་སྐྱེས་སྲོག་ཆགས་བཅས་ལ་ཉིན་རྒྱུན་དུ་ལྟ་སྲུང་བྱེད་ཅིང་། ཐོག་མར་གླིང་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་ནས་ལག་བསྟར་བྱེད་པ་དང་། དེ་ནས་གནས་ཚུལ་གཞིར་བཟུང་གིས་རྒྱུན་ཆད་མེད་པར་སྐྱེ་ཁམས་སྤྱི་ཕན་ལྟ་སྲུང་གི་ལས་རྐང་སྒྲིག་པའི་ཤུགས་ཚད་ཆེ་རུ་བཏང་ནས། ཟླ་ཕོགས་རང་བཞིན་གྱི་ཡོང་སྒོ་ཅུང་མགྱོགས་པོར་འཕར་བ་མཉམ་དུ་སྐུལ་འདེད་བྱས། དེའི་ཁར་དབྱར་རྩྭ་དགུན་འབུ་བརྐོས་པའི་ཡོང་སྒོ་དང་ནོར་ལུག་སོགས་ཀྱི་ཕྱུགས་ལས་ཐོན་རྫས་ཀྱི་ཡོང་སྒོ་བསྣན་པས། བོད་ཁུལ་སྡོད་དམངས་ཀྱི་ཡོང་སྒོ་མུ་མཐུད་དུ་འཕར་བ་མངོན་འགྱུར་བྱུང་།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་ཁུལ་གྱི་རོང་འབྲོག་པའི་རྩོལ་ལས་འབྲེལ་མཐུད་དང་ནུས་རྩལ་གསོ་སྦྱོང་ནན་འཛིན་བྱས་ནས། ན་ནིང་རོང་འབྲོག་པ་མི་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་སྤོ་བསྒྱུར་ལས་ཞུགས་བྱས་ཤིང་། བོད་ཁུལ་གྱི་མཁར་གྲོང་གི་རྒྱུན་འདུག་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱ་སོ་ལྔ་རུ་སླེབས་ཤིང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་འཕར་བ་དང་། བོད་ཁུལ་གྱི་ཞིང་སྡེའི་རྒྱུན་འདུག་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་སྒོར་སྟོང་བརྒྱད་དང་ལྔ་བརྒྱ་བཅུ་དགུ་ལ་སླེབས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་དྲུག་འཕར།
ལོ་འགའི་རིང་ལ། རང་ཞིང་གིས་ལས་ཞུགས་གཟིགས་སྐྱོང་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། བོད་ཁུལ་གྱི་ན་གཞོན་ལས་ཞུགས་ལ་ཡར་སྐུལ་བྱེད་པ་དེ་གནད་སར་བཞག་ནས། ན་ནིང་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་ལས་ཞུགས་ཚད་ནི་ལོ་གསུམ་ཡར་སྔོན་གྱི་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་དྲུག་ནས་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་བདུན་ལ་མཐོར་འདེགས་བྱུང་ཡོད། གནད་ཁེལ་དབུལ་སྐྱོར་ལག་བསྟར་བྱས་ནས། རྫོང་དང་གྲོང་རྡལ་སོ་གསུམ་གྱི་དབུལ་ཕོངས་སྡེ་བ་བཞི་བརྒྱ་སོ་བདུན་ལ་སྡེ་བ་ཧྲིལ་པོ་སྐུལ་འདེད་བྱེད་པའི་བཟོ་འགོད་ལག་བསྟར་བྱས་པས། དབུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་གཅིག་སྟོང་གསུམ་ཇེ་ཉུང་དུ་སོང་བ་དང་། སྨན་བཅོས་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་ཅི་ཐུབ་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི“ནད་ལ་སྟོན་དཀའ་བ་དང་། ནད་ལ་སྟོན་པའི་རིན་མཐོ་བ། ནད་ལ་སྟོན་པའི་ས་ཐག་རིང་བ”བཅས་ཀྱི་གནས་ཚུལ་མངོན་གསལ་དུ་ལེགས་བཅོས་བྱུང་ཡོད།
འཐབ་ཇུས་ཆེན་པོས་བོད་ཁུལ་འཕེལ་རྒྱས་མགྱོགས་པོ་འབྱུང་བར་སྐུལ་འདེད་བྱེད་པ།
2010ལོར། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པས་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་གལ་ཆེན་བཀོད་སྒྲིག་བྱས་པ་དང་། པེ་ཅིན་དང་ཧྲང་ཧེ། ཐེན་ཅིན། ཧྲན་ཏུང་། ཅང་སུའུ། ཀྲེ་ཅང་བཅས་དར་རྒྱས་ཆེ་བའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གཏན་འཁེལ་བྱས་ནས། ཀྲུང་དབྱང་གི་རྒྱལ་ཁབ་སྡེ་ཁག་ཉེར་དྲུག་དང་ཀྲུང་དབྱང་གི་ཁེ་ལས་བཅུ་གསུམ་གྱིས་སོ་སོར་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་བྱང་། མཚོ་ལྷོ། མཚོ་ནུབ་བཅས་རང་སྐྱོང་ཁུལ་དྲུག་དང་དེར་གཏོགས་པའི་རྫོང་དང་གྲོང་རྡལ་སོ་གསུམ་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་གཏན་འཁེལ་བྱས་པ་དང་། 2013ལོར། ཀྲུང་དབྱང་གིས་ཡང་བསྐྱར་རྒྱལ་ཁབ་ཀྱི་པུའུ་ཨུ་བདུན་དང་ཀྲུང་དབྱང་གི་ཁེ་ལས་བཞི་གསར་དུ་བསྣན་པས། རོགས་སྐྱོར་ཕྱོགས་ཀྱི་བསྡོམས་གྲངས་ང་དྲུག་ལ་སླེབས། དེའི་ཁྲོད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་བསྡོམས་པས་མཚོ་སྔོན་ལ་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་རེ་གཅིག་བཏང་བ་དང་། ལས་གཞི་སྟོང་ལྷག་ལག་བསྟར་བྱས་ཤིང་། མུ་མཐུད་དུ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་གནས་སྐབས་སུ་ཁེབས་མེད་པ་དང་ས་གནས་ཀྱི་ནོར་སྲིད་ལ་གནས་སྐབས་སུ་ཐག་གཅོད་པའི་ནུས་པ་མེད་པ། གཞི་རིམ་གྱི་མང་ཚོགས་ལ་ཡང་ཤིན་ཏུ་དགོས་གཏུག་ཆེ་བའི་ལས་གཞི་སྐོར་ཞིག་འགྲུབ་པར་བྱས་པ་རེད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་གི་ཁེ་ལས་དག་གིས་བཏང་བའི་མཚོ་སྔོན་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་ལྔ་ལ་སླེབས་ཤིང་། སྔ་ཕྱི་བསྡོམས་རྩིས་བྱས་ན། རོགས་སྐྱོར་ལས་གཞི་བརྒྱ་དང་སུམ་ཅུ་ལྷག་ལག་བསྟར་བྱས་ཟིན།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།