སློབ་གསོ་པུའུ་ཡིས་མཐོ་རིམ་མཐར་ཕྱིན་སློབ་མ་གཞི་རིམ་ལ་བྱ་བ་སྒྲུབ་ཏུ་འགྲོ་བར་སྔར་བས་ཁྲིད་སྟོན་དང་ལྕག་སྐུལ་བྱས་པ།
2017.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

གསར་འགོད་པས་ཟླ་ལྔ་བའི་ཚེས་2ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་སློབ་གསོ་པུའུ་ཡིས་བརྡ་ཐོ་བཀྲམས་ཏེ་ས་ཁུལ་དང་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་གཞི་རིམ་ལ་བྱ་བ་སྒྲུབ་ཏུ་འགྲོ་བར་ཁྲིད་སྟོན་ལེགས་པོ་བྱེད་རྒྱུ་དེ་གྲོས་རིམ་གལ་ཆེན་ནང་བཞག་སྟེ“འགན་འཁུར་བ་གཙོ་བོའི”འཆར་འགོད་ལག་བསྟར་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སློབ་ཆེན་སློབ་མ་གཞི་རིམ་དུ་ལས་སྒྲུབ་ལས་གཏོད་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕགབྱེད་པའི་ཡུན་ཕན་ནང་རྐྱེན་བཙུགས་ཏེ། སློབ་ཆེན་སློབ་མ་གཞི་རིམ་དུ་བསྐྱོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། བྱ་བ་ཡག་པོ་སྒྲུབ་ཐུབ་པ། བེད་སྤྱོད་ལེགས་པོ་བྱེད་ཐུབ་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཆེས་དགོས་མཁོ་ཆེ་བའི་ས་ཁུལ་དུ་བྱས་རྗེས་འཇོག་པ་དང་མེས་རྒྱལ་གྱི་དྲིན་ལན་འཇལ་བར་བསྐྱོད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་། ས་ཁུལ་དང་མཐོ་རིམ་སློབ་གྲྭ་དག་གིས་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིནཔའི་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་བསྐྱོད་པའི་སློབ་རིན་ཁ་གསབ་དང་། སློབ་སྐྱོར་དངུལ་བུན་ཚབ་འཇལ། ཞིབ་འཇུག་སློབ་མའི་ཡིག་རྒྱུགས་སྤྲོད་སྐབས་སྐར་གྲངས་ཁ་སྣོན་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ས་ཁུལ་དང་སློབ་གྲྭའི་གནས་ཚུལ་གཞིར་བཟུང་སྟེ་སྐུལ་ལྕག་གམ་ཡང་ན་བྱ་དགའ་སྟེར་བའི་བྱེད་ཐབས་བཟོ་བ་དང་། དྲིལ་བསྒྲགས་སློབ་གསོ་གཏོང་བ། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ། མ་དངུལ་བྱ་དགའ་སྤྲོད་པ། འཚར་ལོངས་ཀྱི་ཐབས་ལམ་ཇེ་ཡངས་སུ་གཏོང་བ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་དེ་སློབ་ཆེན་མཐར་ཕྱིན་སློབ་མ་གཞི་རིམ་དུ་བྱ་བ་སྒྲུབ་ཏུ་བསྐྱོད་རྒྱུར་་སྐུལ་ལྕག་བྱེད་དགོས། སློབ་ཆེན་སློབ་མ་གཞི་རིམ་དུ་དངོས་སྦྱོང་ལག་ལེན་བྱེད་པར་མངག་པའི་ལམ་ལུགས་བཟོས་ཏེ་སློབ་ཆེན་སློབ་མ་ཞང་གྲོང་དང་། སྡེ་ཁུལ། གྲོང་གསེབ། ཐོན་སྐྱེད་བྱ་ཡུལ་བཅས་ལ་དངོས་སྦྱོང་དང་ལག་ལེན་བྱེད་པར་མངག་དགོས་པ། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་ནན་མོ་བྱས་ཏེ་སློབ་ཆེན་མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཞུགས་བྱེད་པར་བསྐྱོད་པའི་སྲིད་ཇུས་ཞིབ་རྒྱས་སུ་གཏོང་བ་དང་ལས་ཁུངས་དང་བྱ་གཞག་ཚན་པའི་ཁ་ཕྱོགས་གཏན་འཁེལ་གྱིས་སློབ་མ་བསྡུ་བ་དང་། གཞི་རིམ་གྱི་གོ་མིང་དཔྱད་འདེམས། གླ་ཕོགས་རིམ་སྤོར། སྤྱི་ཚོགས་འགན་སྲུང་གི་ཁ་གསབ་སོགས་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་ད་རུང་ས་ཁུལ་དང་སློབ་ཆེན་ཁག་གིས་འབྲེལ་ཡོད་སྡེ་ཁག་ལ་མུ་མཐུད་དུ་གཞོགས་འདེགས་བྱས་ནས་སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་དང་། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི། དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི། དགེ་རྒན་གྱི་དམིགས་བསལ་ལས་རྐང་འཆར་གཞི། ཞིང་ལས་ལག་རྩལ་གྱི་དམིགས་བསལ་ལས་རྐང་འཆར་གཞི་སོགས་ཆེད་དམིགས་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བཟང་པོ་བྱེད་དགོས་པར་མ་ཟད། གཞི་རིམ་གྱི་ལས་ཞུགས་རྣམ་གྲངས་སྲ་བརྟན་དང་ལག་བསྟར་ནན་མོ་བྱེད་དགོས། ཁེ་ལས་འབྲིང་ཆུང་དང་གནས་སྐབས་ཀྱི་ལས་མི་བསྡུ་བའི་ཆ་འཕྲིན་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་པ་དང་། ཁེ་ལས་སོ་སོ་སློབ་གྲྭའི་ནང་བསྐྱོད་ནས་ལས་མི་བསྡུ་རྒྱུ་རང་འགུལ་ངང་སྒྲིག་འཛུགས་བྱེད་པ། སློབ་ཆེན་མཐར་ཕྱིན་སློབ་མ་ཁེ་ལས་འབྲིང་ཆུང་དང་གནས་སྐབས་སུ་ལས་ཞུགས་བྱེད་པར་བསྐྱོད་པའི་ལས་སྟེགས་བསྐྲུན་པ་བཅས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་སྲིད་གཞུང་གིས་གཞི་རིམ་གྱི་སྤྱི་པའི་དོ་དམ་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་གནས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་ཆེན་མཐར་ཕྱིན་སློབ་མར་འཚམ་པའི་ལས་ཞུགས་ལས་རྐང་སྔར་ལས་མང་པོ་གཏོད་དགོས། ལས་ཞུགས་བྱ་ཡུལ་གསར་པ་ཧུར་ཐག་གིས་ཇེ་མང་དུ་གཏོང་བ་དང་། མཐར་ཕྱིན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་སློབ་གསོ་རིག་གནས་དང་། སྨན་བཅོས་འཕྲོད་བསྟེན། བདེ་ཐང་རྒན་གསོ་སོགས་ཀྱི་ལས་རྐང་དུ་ཞུགས་པར་སྐུལ་ལྕག་གཏོང་བ། གྲོང་གསེབ་དུ་བསྐྱོད་ནས་དབུལ་སྐྱོར་གསར་སྤེལ་དང་། ལག་རྩལ་ཁྱབ་གདལ། དྲ་ཐོག་ཚོང་དོན་སོགས་བྱ་གཞག་ཁྲོད་ཞུགས་རྒྱུར་སྐུལ་ལྕག་གཏོང་བ། སློབ་ཆེན་མཐར་ཕྱིན་སློབ་མ་དབུས་རྒྱུད་དང་ནུབ་རྒྱུད། བྱང་ཤར་ས་ཁུལ། དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་བཅས་སུ་བྱ་བ་སྒྲུབ་ཏུ་འགྲོ་བར་ཁྲིད་སྟོན་བྱེད་དགོས། ཐབས་ལམ་སྣ་མང་བརྒྱུད་དེ་མ་དངུལ་གྲབས་གསོག་བྱེད་པ་དང་། སྐྱེད་སྲིང་རྟེན་གཞི་འཛུགས་སྐྲུན་བྱེད་པ། ཚན་རྩལ་གྲུབ་འབྲས་སྔོན་ལ་སྤོ་སྒྱུར་བྱེད་པ། རིམ་ཁག་ལས་གཏོད་ཞབས་ཞུའི་དྲ་རྒྱའི་ལས་སྟེགས་ཀྱི་ནུས་པ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སློབ་ཆེན་མཐར་ཕྱིན་སློབ་མ་གཞི་རིམ་དུ་གསར་གཏོད་ལས་བསྐྲུན་བྱེད་པར་བསྐྱོད་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཞན་ཡང་བརྡ་ཐོའི་ནང་། ས་ཁུལ་ཁག་དང་སློབ་ཆེན་ཁག་ལ་སློབ་ཆེན་སློབ་མ་དམག་སྐུལ་དང་བླངས་སྒོས་དམག་མིར་ཞུགས་པའི་གཟིགས་སྐྱོང་སྲིད་ཇུས་སྔར་བས་འཐུས་ཚང་དུ་བཏང་སྟེ་སློབ་ཆེན་སློབ་མའི་དམག་མིར་དམིགས་པའི་ཞིབ་འཇུག་སློབ་མའི་སློབ་བསྡུའི་འཆར་གཞི་དང་། སློབ་མ་གསར་པར་དྲིལ་བསྒྲགས་ལག་དེབ་བསྐུར་བ། སློབ་ཡོན་རོགས་སྐྱོར་བྱེད་པ། སློབ་གྲྭར་བསྐྱར་ཞུགས་དང་སློབ་རིམ་སྤོར་བ། ལས་ཞུགས་ལས་གཏོད་སོགས་ད་ཡོད་ཀྱི་སྲིད་ཇུས་རྣམས་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས། སློབ་ཆེན་གྱིས་ས་ཁུལ་ཁག་གི་དམག་སྐུལ་ལས་ཁུངས་ལ་གཞོགས་འདེགས་ལེགས་པོ་བྱས་ཏེ་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་དམག་བསྡུའི་གཞུང་ལས་ཁང་གིས་སློབ་ཆེན་དུ“དམག་བསྡུའི་ལས་དོན་ས་ཚིགས”བཙུགས་ནས“སྒྲིག་གཞི་དང་། མི་སྣ། འགྲོ་གྲོན། ས་ཆ”བཅས་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱེད་པ་དང་། སྔོན་གཏན་འཁེལ་བྱས་བའི་དམག་མིའི་ལས་ཀའི་ལམ་སྲོལ་དངོས་འབེབས་ལེགས་པོ་བྱས་ཏེ་སློབ་ཆེན་སློབ་མ་དམག་མིར་ཞུགས་སྐབས་གེགས་མེད་བགྲོད་ལམ་བཏོད་པ་དང་སྔོན་གཏན་འཁེལ་བྱས་བའི་དམག་མིའི་བརྡ་ཐོ་ཡི་གེ་སྔོན་ཚུད་ནས་སྤྲོད་དགོས། ས་ཆ་དང་སློབ་གྲྭ་དེ་གའི་སློབ་ཆེན་སློབ་མའི་དམག་བསྡུའི་ལས་ཀ་དུས་སྔ་མོར་བཀོད་སྒྲིག་བྱེད་པ་དང“སྲིད་ཇུས་བློ་འདྲིའི་གཟའ་འཁོར”དང“དམག་བསྡུའི་དྲིལ་བསྒྲགས་ཟླ་བ”སོགས་ཀྱི་བྱེད་སྒོ་མཉམ་དུ་གཉེར་ཏེ་དམག་བསྡུའི་འབྲེལ་ཡོད་སྲིད་ཇུས་སློབ་ཆེན་གྱི«སློབ་མའི་ལག་དེབ་»ནང་བཞག་ནས་དྲིལ་བསྒྲགས་བྱེད་སྐབས་ཆད་ལྷག་མེད་པར་སློབ་ཆེན་སློབ་མ་རེ་རེས་དམག་བསྡུའི་སྲིད་ཇུས་དང་ཆ་འཕྲིན་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཐུབ་པ་དང་ཕུལ་བྱུང་གི་སློབ་ཆེན་སློབ་མ་སྔར་ལས་མང་པོ་རྒྱལ་སྲུང་ནང་ཞུགས་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
 

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།