ཐེམ་ཆེན་རྫོང་གིས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ཁྲོད་དུ་ཕྱུགས་ལས་གཙོ་འགན་ཁུར་བའི་རྫོང་དཔོན་གྱིས་ཚན་ཆུང་གི་འགན་ཁུར་པ་གཙོ་བོ་བྱས་པ་དང་། ཕྱུགས་ལས་སྡེ་ཁག་དང་ཞང་གྲོང་སོ་སོའི་འགན་ཁུར་པ་གཙོ་བོ་ཁོངས་མི་བྱས་པའི་བྱ་བའི་ཚན་ཆུང་བཙུགས་ནས་མགོ་ཁྲིད་གཅིག་གྱུར་དང་ལས་བགོས་འགན་ཁུར། མཐུན་སྦྱོར་རམ་འདེགས་བཅས་ཀྱི་བྱ་བའི་ནང་རྐྱེན་བཙུགས་པ་དང་།«ཐེམ་ཆེན་རྫོང་གི་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བའི་འཆར་གཞི»དང«ཐེམ་ཆེན་རྫོང་གི་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ལས་བགོས་འཆར་གཞི»གཏན་ལ་ཕབ་ནས། སྤྱི་ཁོག་རིགས་ལམ་དང་གཞི་རྩའི་རྩ་དོན། དམིགས་འབེན་ལས་འགན་བཅས་གསལ་པོ་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན།
རྫོང་དེས་ཕྱུགས་ལས་ཚོང་གཉེར་གྱི་གཙོ་གཞི་སྐྱེད་སྲིང་དང་། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། མེ་ལོང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ཉམས་མྱོང་དཔེ་ལྟ་བྱས་ནས། རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་རེ་གཉིས་ཀྱི་ཕྱུགས་ཟོག་དང་རྩྭ་ས་སོགས་ཐོན་སྐྱེད་རྒྱུ་ཆ་ཧྲིལ་བསྡུས་བྱས་པ་དང་དཔྱད་དཔག་བྱས་རྗེས། ཤེས་ཡོན་གྲོང་རྡལ་གྱི་མེ་ལོང་དང་མཁར་དམར་ཞང་གི་བྲག་གསར་སོགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཅུ་བཞི་མཉམ་དུ་སྦྲེལ་ནས་གཡུ་འབྲུག་མཉམ་འབྲེལ་ལྷན་ཁང་བཙུགས་ཤིང་། དེའི་ཁོངས་སུ་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་བཙུགས་པ་དང་། བྱ་བའི་སྒྲིག་ལམ་དང་གཞུང་དོན་གྲོས་མོལ་ལམ་ལུགས། ནོར་དོན་དོ་དམ་ལམ་ལུགས་སོགས་ཆ་ཚང་དུ་བཏང་བའི་རྨང་གཞིའི་ཐོག ཁོངས་གཏོགས་མཉམ་ལས་ཁང་བཅུ་བཞི་ཡི་རྩྭ་སའི་རྒྱ་ཁྱོན་དང་ཕྱུགས་གྲངས་ལ་ཡང་བསྐྱར་ཞིབ་རྩིས་དང་ཡིག་ཚགས་བཙུགས་ནས། མཉམ་ལས་ཁང་བརྒྱད་ལ་མ་རྐང་ཅན་གྱི་བསྒྱུར་བཀོད་བྱས་པས། འབྲོག་ཁྱིམ་སུམ་བརྒྱ་གྱ་དགུ་དང་རྩྭ་ར་མུའུ་འབུམ་དྲུག་དང་ཁྲི་བཞི་སྟོང་དགུ་བརྒྱད་བརྒྱ་དང་། ཕྱུགས་ཟོག་ཁྲི་གསུམ་དང་སྟོང་བརྒྱད་བདུན་བརྒྱ་བཅས་གཡུ་འབྲུག་མཉམ་འབྲེལ་ལྷན་ཁང་ནང་ཞུགས། དུས་མཉམ་དུ་སེང་གེ་ཞང་གཡང་ལུང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་སོགས་མཉམ་ལས་ཁང་བཞི་ལ་ཞང་རིམ་པའི་མཉམ་འབྲེལ་ལྷན་ཁང་བཙུགས་པ་དང་། འབྲོག་ཁྱིམ་ཉིས་བརྒྱ་གོ་བཞི་དང་རྩྭ་ར་མུའུ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གསུམ་སྟོང་བདུན་དང་། ཕྱུགས་ཟོག་ཁྲི་ལྔ་དང་སྟོང་བཞི་བརྒྱད་བརྒྱ་བཅས་མཉམ་འབྲེལ་ལྷན་ཁང་ནང་ཞུགས། མཉམ་འབྲེལ་ལྷན་ཁང་གིས“མ་རྐང་མཉམ་ལས་ལམ་ལུགས་ཀྱི་དཔེ་དབྱིབས”ཁྱབ་གདལ་དུ་བཏང་ནས། ནོར་ལུག་དང་རྩྭ་ས་ཁག་བགོས་པ་དང་། ངལ་རྩོལ་པར་ནུས་རྩལ་ལྟར་ལས་བགོས་བྱས་ནས། གཅིག་གྱུར་གྱིས་རེས་སྐོར་ཕྱུགས་འཚོ་དང་གཅིག་གྱུར་གྱིས་སྡེབ་སྦྱོར། གཅིག་གྱུར་གྱིས་ཚོ་གསོ། གཅིག་གྱུར་གྱིས་ཉོ་འཚོང་། གཅིག་གྱུར་གྱིས་ལས་སྣོན། གཅིག་གྱུར་གྱིས་རིམས་འགོག་བཅས་བྱས་པས། མཉམ་ལས་ཁང་གི་ཚད་ལྡན་འཁོར་རྒྱུག་ཆུ་ཚད་སྔར་བས་ཇེ་མཐོར་བཏང་། སྐྱེ་ལྡན་ཐོན་ལས་བསྐྲུན་ཏེ་སྐམས་ལུག་གི་ཤ་དང་ཕྱུགས་ལས་ཐོན་རྫས་ཉོ་ཚོང་ཀུང་སི་བཙུགས་ནས“གཡུ་འབྲུག”རྟགས་ཅན་གྱི་ཚོང་རྟགས་ཐོ་འགོད་དང་། ངལ་རྩོལ་པ་ལྷག་མ་ལས་བགོས་བཀོད་སྒྲིག་བྱས།
འདེབས་གསོ་ཟུང་འབྲེལ་དང་རྩྭ་ཕྱུགས་དོ་སྙོམས་བྱས་ནས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ། ཐེམ་ཆེན་རྫོང་གིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་དང་བྱ་དགའི་ནང་རྐྱེན་དང་སྦྲེལ་ནས་ཕྱུགས་འཚོ་བ་དང་རྩྭ་ས་ལྟར་ཕྱུགས་གྲངས་ཚོད་འཛིན་བྱས་ནས། རྩྭ་ས་དོ་སྙོམས་བཅས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས། 2016ལོར་ཁ་གསབ་དང་བྱ་དགའི་མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་གཅིག་འབུམ་གཉིས་ཁྲི་བཞི་སྟོང་གཅིག་དང་དྲུག་བརྒྱ་སྤྲད་པ་དང་། ནོར་ལུག་བཤས་ཁོངས་སུ་བཏང་བའི་ཁ་གསབ་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བདུན་ཁྲི་བརྒྱད་སྟོང་དྲུག་དང་བརྒྱ་སྤྲད་པས། རྩྭ་སའི་གནོན་ཤུགས་ཇེ་ཡང་དུ་བཏང་བ་དང་། རྩྭ་ཕྱུགས་དོ་སྙོམས་ཡོང་བ་རྒྱུན་སྲུང་དང་འཕེལ་རྒྱས་བཟང་པོ་ཡོང་བར་མཐུན་རྐྱེན་བསྐྲུན། དུས་ཚིགས་སོ་སོའི་རྩྭ་ར་བེད་སྤྱོད་དུས་ཚོད་འོས་མཐུན་དུ་བཀོད་སྒྲིག་བྱས་པས། ཚན་རིག་དང་མཐུན་པའི་ཕྱུགས་འཚོ་བ་དང་རྩྭ་སའི་བདེ་སྤྱོད་དུས་ཡུན་ཇེ་རིང་དུ་བཏང་བས། རང་བྱུང་རྩྭ་ས་བེད་སྤྱོད་གང་ལེགས་བྱས། དུས་མཉམ་དུ་རྩྭ་སའི་སྔོ་ཁེབས་བཅོས་སྐྱོང་བྱས་ཏེ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་བདུན་བཏང་ནས་མེ་རིའི་གཏེར་ཁུལ་གྱི་སྔོ་ཁེབས་བཅོས་སྐྱོང་ལས་གཞི་སྤེལ་ཏེ་སྔོ་ཁེབས་མུའུ་དྲུག་བརྒྱ་གྱ་དགུ་ལྷག་སླར་གསོ་བྱས། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་བཏང་ནས་ཤེས་ཡོན་གྲོང་རྡལ་དང་མེ་རི་གཏེར་ཁུལ་གྱི་རྩྭ་སའི་ཨ་བྲའི་གནོད་འཚེ་མུའུ་ས་ཡ་གཅིག་དང་འབུམ་གསུམ་འགོག་བཅོས་བྱས། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གསུམ་ཁྲི་ལྔ་བཏང་ནས་རྩྭ་ལས་འཕེལ་རྒྱས་ཚོད་ལྟའི་ལས་གཞི་ལག་ཏུ་བསྟར་ཏེ། ཞན་འགྱུར་རྩྭ་ས་མུའུ་ཁྲི་བརྒྱད་དང་སྟོང་ལྔ་སླར་གསོ་དང་མུའུ་ཁྲི་བརྒྱད་དང་སྟོང་ལྔ་ལ་ལྕགས་དྲ་བསྐོར། ཚད་གཞི་མཐོ་བའི་གཟན་ཆས་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་གཅིག་བཙུགས་པས། རྩྭ་སའི་སྔོ་ཁེབས་དང་རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་སླར་གསོ་དང་། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱས།
ཡོང་འབབ་ཐབས་ལམ་མང་པོ་གསར་གཏོད་བྱས་ནས་འབྲོག་པའི་ཡོང་འཕར་ལ་སྐུལ་འདེད་བྱས། ཐེམ་ཆེན་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཤུགས་ཆེན་པོས་སྤེལ་བ་དང་བསྟུན། ཚོང་ཁང་དང་མགྲོན་ཁང་། གླ་གཏོང་རླངས་འཁོར་ལས་རིགས་སོགས་བཙུགས་ནས་ངལ་རྩོལ་པ་ལྷག་མ་བཀོད་སྒྲིག་བྱས་ཏེ་ཡོང་སྒོ་བསྐྲུན། མིག་སྔའི་བར། རླངས་འཁོར་འཁྲུད་ཁང་གཅིག་དང་ཕྱོགས་བསྡུས་ཚོང་ཁང་ཆེན་མོ་གཅིག ལས་སྣོན་བཟོ་གྲྭ་སོགས་བཙུགས་ནས་ངལ་རྩོལ་པ་ལྷག་མ་བཀོད་སྒྲིག་བྱས། ད་ལྟ་ངལ་རྩོལ་པ་ལྷག་མ་སོ་དགུ་ལས་རྐང་དུ་ཞུགས། མ་དངུལ་སྒོར་འབུམ་ཙམ་བཏང་ནས་རྫོང་མཁར་དུ་འབྲོག་པའི་གཏན་སྡོད་བྱེད་ས་གཉིས་བཙུགས་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་ཇེ་བཟང་དུ་བཏང་བ་དང་། ཐག་ཉེ་སར་ལས་ཀ་གཉེར་བར་ཆ་རྐྱེན་བསྐྲུན་པར་མ་ཟད། ད་དུང་འབྲོག་པ་མང་ཚོགས་ཀྱི་བུ་བུ་མོ་སློབ་གྲྭར་ཞུགས་པ་དང་། རྒན་པའི་སྨན་བཅོས་སོགས་ལ་སྟབས་བདེ་བཟོས།
རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བསྟུན། སྐྱེ་ཁམས་སླར་གསོ་དང་རྩྭ་ཐང་སྔོ་ཁེབས་སྔར་བས་ཇེ་བཟང་དུ་གྱུར་དང་འགྱུར་བཞིན་འདུག སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་འཕེལ་བ་དང་། འབྲོག་པའི་ཡོང་སྒོ་ཇེ་མང་དུ་འཕར། 2016ལོའི་ལོ་མཇུག་བར། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་བརྒྱད་ཉིས་བརྒྱ་དོན་གཉིས་སུ་སླེབས་པ་དང་། འབྲོག་པའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་དང་བརྒྱད་བརྒྱ་དོན་བཞི་རུ་སླེབས། སོ་སོར་ལོ་སྔོན་མའི་དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་དང་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་འཕར། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།