ཁྲི་ཀ་རྫོང་མཁར་ནས་བྱང་ཕྱོགས་སུ་བསྐྱོད་པ་ན།ཡངས་ཤིང་རྒྱ་ཆེ་ལ་མདའ་ལྟར་དྲང་བའི་སྣུམ་ལམ་ཞིག་ཐད་ཀར་དུ་བྱང་རིའི་ལུང་ཁུག་ཏུ་འཐེན་ཡོད་པ་དང་། ལམ་འགྲམ་གཉིས་ཀྱི་ལྕང་མའི་སྡོང་བོ་དག་གྲལ་འགྲིག་པོའི་ངང་ཕྲེང་ལྟར་སྒྲིག་ཡོད་ལ། གཞུང་ལམ་མུ་མཐུད་དུ་བསྲིང་བ་དང་བསྟུན་ནས་གཞུང་ལམ་དང་ཨ་སྔོན་སྤྲིན་དཀར་གཉིས་ཀྱི་འོད་མདངས་ཕན་ཚུན་ལ་འཕྲོས་ཡོད་པ་ལྟར་སྣང་ཡོད།
སྡེ་མང་སྡེ་གསར་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་བྱང་རིའི་ལུང་ཁུག་ཏུ་ཆགས་ཡོད་ལ།ད་ལྟ་སྡེ་བ་དེར་སྡོད་དམངས་ཁྱིམ་ཚང་གྱ་དྲུག་དང་མི་སུམ་བརྒྱ་དང་སུམ་ཅུ་ཡོད་ལ་ཚང་མ་བོད་རིགས་རྐྱང་རྐྱང་ཡིན་པའི་གནས་སྤོ་སྡེ་བ་ཞིག་ཡིན། བསང་ཁྲི་ཆེན་པོ་ཞིག་སྡེ་བའི་སྒོ་ཁར་ལས་ཡོད་པས། བལྟས་མ་ཐག་བོད་རིགས་སྡེ་བ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ།སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་གྱི་ཕྱོགས་བཞི་བོར་ལྕང་མའི་སྡོང་བོ་དང་། སྦྱར་དཀར། ཤུག་པའི་སྡོང་བོ་སོགས་བཙུགས་ཏེ་ཡོད་ཚད་ལྗང་ལྡེམ་མེར་ཁེབས་འདུག་ལ།གྲལ་འགྲིགས་པའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་ཤར་དག་ཀྱང་སྔོ་ལྗང་གི་སྡོང་བོས་གཡོགས་འདུག
ཉིས་སྟོང་ལྔ་ལོར། ཚ་རྔ་འགག་གི་ཆུ་མཛོད་བསྐྱིལ་རྗེས།ཀོས་ནན་རྫོང་བྱ་མདོ་ཞང་མགོན་ཐང་སྡེ་བ་དང་། སྡེ་མང་སྡེ་བ་སོགས་ཀྱི་ས་ཞིང་དང་། གཞུང་ལམ་ཆུས་སྣུབ་པས། ཞིང་ཆེན་དང་ཁུལ་གྱི་གནས་སྤོ་སྡེ་ཁག་གིས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག སྡེ་མང་སྡེ་གསར་དེ་ཉིས་སྟོང་བཅུ་དྲུག་ལོར་ཁྲི་ཀ་རྫོང་གི་བྱང་རིའི་ལུང་ཁུག་ཏུ་བཀོད་སྒྲིག་བྱས།
སྡེ་མང་སྡེ་གསར་ནི་ཀོས་ནན་རྫོང་བྱ་མདོ་ཞང་སྡེ་མང་སྡེ་བའི་སྡེ་མི་ཁག་གཅིག་བྱང་རིའི་ལུང་ཁུག་ཏུ་གནས་སྤར་གཞི་ཆགས་པ་ཡིན་ལ། ཀོས་ནན་རྫོང་སྡེ་མང་སྡེ་བ་དང་བར་ཐག་སྤྱི་ལེ་དགུ་བཅུ་ཡོད་པས། སྲིད་འཛིན་དང་མི་གྲངས་དོ་དམ་སྔར་བཞིན་དུ་ཀོས་ནན་རྫོང་གི་ཁོངས་སུ་གཏོགས་པ་ཡིན། སྡེ་བའི་མང་ཚོགས་ཀྱིས་ཕྱིེར་དྲན་བྱས་པ་ལྟར་ན། ལོ་དེར་ཁྲི་ཀ་རྫོང་དུ་གནས་སྤར་མ་ཐག སྡེ་བའི་ནང་དུ་ཁང་བ་དང་ར་སྐོར་མ་གཏོགས་སྡོང་བོ་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གིས་སྡེ་མང་སྡེ་བར་ཧུར་བརྩོན་གྱིས་དབུལ་སྐྱོར་བྱེད་པའི་དུས་མཚུངས་སུ་ཀོས་ནན་རྫོང་ནགས་ལས་སྡེ་ཁག་གིས་སྡེ་མང་སྡེ་གསར་ལ་ཕྱོགས་ཡོངས་ནས་སྡེ་བ་སྔོ་ལྗང་ཅན་དུ་བསྒྱུར་བའི་བྱ་འགུལ་སྤེལ་ཏེ་ལྗང་འགྱུར་གྱིས་སྡེ་བའི་རྣམ་པ་ཇེ་ལེགས་སུ་བཏང་། ཁྲི་ཀ་རྫོང་ནགས་ལས་སྡེ་ཁག་གིས་རང་འགུལ་གྱི་སྡེ་མང་སྡེ་གསར་ལ་སྔོ་ལྗང་ཅན་དུ་སྒྱུར་བྱེད་ཀྱི་སྡོང་ཕྲུག་མང་པོ་སྐྱེལ་ཡོང་བ་དང་མཉམ་དུ་ལག་རྩལ་མི་སྣ་མངགས་ནས་སྡེ་བ་སྔོ་ལྗང་ཅན་དུ་བསྒྱུར།
ཁྲི་ཀ་རྫོང་ནགས་ལས་ས་ཚིགས་ཀྱི་མགོ་གཙོ་ཀན་ཧན་ཧྲན་གྱིས་བཤད་རྒྱུར། སྡོང་ཕྲུག་སྐྱེལ་འདྲེན་ནས་འདེབས་འཛུགས་བར་དུ་གཟའ་འཁོར་གཅིག་གི་དུས་ཚོད་ལས་འགོར་འགྱང་བྱེད་མི་རུང་པ་དང་། གལ་ཏེ་ཉིན་མང་པོ་འགོར་ན་སྡོང་ཕྲུག་གི་རྩ་བ་ནས་ཆུ་ཤོར་འགྲོ་བས་སྡོང་ཕྲུག་གི་གསོན་ཚད་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། སྡེ་མང་སྡེ་གསར་གྱི་མང་ཚོགས་ལ་ལྗང་འགྱུར་གྱི་འདུ་ཤེས་ཧ་ཅང་དྲག་པོ་ཞིག་ལྡན་པ་མ་ཟད། སྡོང་ཕྲུག་སྲུང་སྐྱོབ་ལའང་དོ་སྣང་ཆེན་པོ་བྱེད་ངེས། རྫོང་གཉིས་ཀྱི་ནགས་ལས་སྡེ་ཁག་གིས་མཉམ་འབྲེལ་སྒོས་སྡེ་བའི་ནང་སྔོ་ལྗང་ཅན་དུ་བསྒྱུར་བའི་བྱ་འགུལ་སྣ་ཚོགས་སྤེལ་དུས། སྡེ་བའི་ནང་གི་ཁྱིམ་ཚང་ཚང་མའི་ཧུར་ཐག་སྒོས་རྒྱབ་སྐྱོར་བྱེད་པ་རེད། ཉིན་ཞིག་ལ་སྡོང་ཕྲུག་བསྐྱལ་ཡོང་བའི་སྐབས་སུ་ཕལ་ཆེར་ས་རུབ་ནས་མཚན་མོར་ཐོན་འདུག་ལ།ལས་བྱེད་མི་སྣས་སྡོང་ཕྲུག་དག་སྡེ་བའི་ནང་དུ་བཞག་ནས་ཉིན་གཉིས་པར་ད་གཟོད་སྡོང་བོ་འཛུགས་རྒྱུའི་འཆར་གཞི་འཐེན་ཡོད་མོད། འོན་ཀྱང་ཉིན་གཉིས་པའི་སྔ་དྲོར་ལས་བྱེད་མི་སྣ་སྡེ་བར་ཐོན་དུས་སྡེ་བའི་ནང་གི་མང་ཚོགས་རྣམས་ཀྱིས་ནམ་གུང་གི་དུས་ཚོད་བེད་སྤྱད་དེ་སྡོང་ཕྲུག་ཡོད་ཚད་བཙུགས་ཚར་བར་མ་ཟད་ཆུའང་བླུག་ཚར་འདུག་པས། རེ་ཞིག་ལ་གནས་ཚུལ་དེ་མི་ཚང་མས་གླེང་མོལ་བྱེད་སའི་གཏམ་བཟང་ཞིག་ཏུ་གྱུར་འདུག རྫོང་གཉིས་ཀྱི་ནགས་ལས་སྡེ་ཁག་གིས་མཉམ་འབྲེལ་སྒོས་སྡེ་མང་སྡེ་བ་སྔོ་ལྗང་ཅན་དུ་བསྒྱུར་བའི་བྱ་འགུལ་སྣ་ཚོགས་འདི་ལྟར་སྤེལ་འགོ་བརྩམས། ལོ་གསུམ་གྱི་དུས་ཚོད་མ་འགོར་བར། ལྗང་འགྱུར་སྡོང་བོ་དེ་མཛའ་གཅུགས་ཀྱི་སྡོང་བོ་རུ་གྱུར་དེ།སྔོན་ཆད་སྐྱ་ཐང་ཐང་གི་གྲོང་སྡེ་དེ་ད་ལྟ་ཐག་རིང་ཐུང་གང་སར་སྐད་གྲགས་ཡོད་པའི་སྡོང་འཛུགས་ནགས་སྐྲུན་གྱི་མིག་དཔེ་སྡེ་བ་རུ་གྱུར། གྲོང་ཚོ་རིམ་པའི་གཞུང་ལམ་གྱི་གཡས་གཡོན་དང་། སྡོད་ཁང་གི་མདུན་རྒྱབ་སོགས་སུ་རྒྱ་ཤུག་དང་། ལྕང་སྡོང་། སེའུ་དམར་རྡོག་ཆེན། ཁམ་སྡོང་སོགས་འདེབས་འཛུགས་བྱས་ཡོད།
སྔོན་ཆད་སྡེ་བའི་ཉེ་འགྲམ་གྱི་ཆུ་རྐའི་ནང་དུ་འདམ་རྩྭ་སྐྱེས་ཡོད་པས། ཁོར་ཡུག་ཧ་ཅང་མི་གཙང་བ་དང་།ད་ལྟ་ཤིང་རིགས་སྣ་ཚོགས་འདེབས་འཛུགས་བྱས་ཡོད་པས་ཁོར་ཡུག་ཧ་ཅང་སྐྱིད་པོ་ཡིན།ང་ཚོའི་སྡེ་བ་མཛེས་ལྗོངས་ཁུལ་དང་བར་ཐག་ཤིན་ཏུ་ཉེ་ཞིང་། ཡུལ་སྐོར་བ་མང་པོས་རླངས་འཁོར་བསྐོར་ནས་འགྲོ་སྐབས་སྡེ་བ་གཙང་ཞིང་མཛེས་པ་ཞིག་ཡིན་ཞེས་སྡེ་བའི་ནང་གི་བོད་རིགས་ཨ་མ་རྒན་མོ་ཞིག་གིས་ང་ཚོར་དེ་ལྟར་བཤད།
ཨ་མ་རྒན་མོ་དེས་ཁ་ཕྱོགས་མཛུབ་སྟོན་ལྟར་སྔོན་ཆད་རྩྭ་རྡུམ་གྱི་ཁེངས་པའི་ཆུ་རྐ་དེ་ད་སྐབས་གསོམ་སྡོང་གི་ནགས་ཚལ་ཞིག་ཏུ་གྱུར་འདུག ཀན་ཧེ་ཧྲན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།མིག་སྔར་ཁྲི་ཀ་རྫོང་གིས་གྲོང་ཚོ་ཞེ་བདུན་ལྷག་ལྗང་མདོག་ཅན་དུ་བསྒྱུར་ཟིན་པ་དང་། རྫོང་ཡོངས་ཀྱི་སྡེ་བ་དང་སྡེ་དམངས་ཀྱི་ར་སྐོར་གྱི་ཕྱི་ནང་ཀུན་དུ་ཕལ་ཆེར་ལྗང་མདོག་ཅན་དུ་འགྱུར་འདུག
ད་ལོའི་ལོ་མགོར། ཁྲི་ཀ་རྫོང་གིས་ཡང་བསྐྱར་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་གསར་འཛུགས་བྱེད་པའི་ལས་གཞི་གང་མགྱོགས་སྒོས་མགོ་བརྩམས་པ་དང་། སྡེ་བ་ནགས་ཚལ་ནང་གཞི་ཆགས་པ་དང་། ཁང་པ་ནགས་ཚལ་ནང་དུ་ལས་པ། མི་ནི་ལྗང་མདོག་གི་ཁོར་ཡུག་ཁྲོད་འཚོ་ཐུབ་པ་བཅས་ཀྱི་དམིགས་འབེན་ལ་དམིགས་ནས་གང་སར་སྡོང་བོ་འཛུགས་པ་དང་། ཁྱིམ་གཞི་ལྗང་མདོག་ཅན་དུ་བསྒྱུར་བ།གྲོང་ཚོའི་སྤྱིའི་ཁོར་ཡུག་ལྗང་བསྒྱུར་བྱེད་པ་བཅས་ཀྱི་ཕྱོགས་ནས་ལག་བསྟར་བྱས་པ་རེད།
ལོ་ཙཱ་བ། སྐར་མ་མཚོ།