ལོ་སུམ་ཅུ་ལྷག་ལ་བུད་པའི་འཇིགས་རྡོའི་གདོང་ལ་སྐྱིད་པའི་འཛུམ་མདངས་རྒྱས་བཞིན་རྒྱ་ཆེ་ཞིང་གྲལ་དག་པའི་ར་སྐོར་ནང་དུ་བཙོག་ནས་བསྡད་ཡོད་ལ། མིག་མདུན་དུ་གསར་དུ་ལས་པའི་སོ་ཕག་གི་ཁང་བ་དང་སྒོར་བུད་མ་ཐག་སྣུམ་ལམ་གྱིས་རྫོང་མཁར་གྱི་སྲང་ལམ་རེ་རེ་སྦྲེལ་ཡོད་པ་མཐོང་རྗེས་ཁོས་ཕལ་ཆེར་ཅི་ཞིག་ལ་བསམ་བློ་གཏོང་གིན་ཡོད་པ་འདྲ། ཁོའི་ཁྱིམ་ནི་ཐུན་ཏེ་རྫོང་མཁར་བྱང་ཁུལ་གྱི་འབྲོག་དམངས་གཏན་སྡོད་ཁུལ་དུ་ཡོད།
འཇིགས་རྡོ་ཚང་ནི་སྔོན་ཆད་ཐང་མགོ་གྲོང་བརྡལ་ཇ་ལ་སྡེ་བའི་ཡིག་ཚགས་བྱང་བུ་ལས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་ལ། ན་ནིང་གི་ལོ་སྨད་དུ། འཇིགས་རྡོ་ཚང་གི་བཟའ་མི་གསུམ་གྱིས་མི་རེའི་སྒོར་6400ཡི་གནད་ཕིགས་དབུལ་སྐྱོར་མ་དངུལ་བླངས་བ་དང་འཇིགས་རྡོས་སྒོར་མོ་དེས་རྐང་གསུམ་འཁོར་ལོ་ཞིག་ཉོས་ནས་སྐྱེལ་འདྲེན་གྱི་ལས་ཀ་གཉེར། ལོ་གཅིག་ལ་ཉིན་ཉིས་བརྒྱར་ལས་ཀར་འགྲོ་ཐུབ་པ་དང་ཉིན་རེར་སྒོར་ལྔ་བཅུ་ལྟར་རྩིས་བརྒྱབ་ན་ངེད་ཚང་གི་ཡོང་སྒོ་སྒོར་ཁྲི་གཅིག་གིས་འཕར་སྣོན་བྱུང་ཐུབ་ཅེས་འཇིགས་རྡོ་དགའ་སྤྲོའི་ངང་གསར་འགོད་པར་དེ་ལྟར་བཤད།
འདས་པའི་ལོ་གཅིག་གི་རིང་ལ། སྡེ་བ་གཅིག་ལ་སྲིད་ཇུས་གཅིག་དང་། ཐོན་ལས་དབུལ་ཐར། ལས་ཚོགས་ལ་ཞུགས་ནས་ཟླ་ཕོག་ལེན་པ་བཅས་ནི་མང་ཚོགས་ཁོམ་དུས་ཀྱི་ཁ་བརྡའི་གླེང་གཞི་རུ་གྱུར་ཡོད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱིས་སྐྲུན་པའི་ཐོན་སྐྱེད་འཚོ་བའི་འགྱུར་ལྡོག་དང་བསམ་བློའི་འདུ་ཤེས་ཀྱི་འགྱུར་ལྡོག་དེས་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག་ནས་མཉམ་དུ་དབུལ་ཐར་འབད་ཐབས་བྱེད་པར་གྲུབ་འབྲས་མང་པོ་བླངས་ཡོད།
2016ལོར་ཐུན་ཏེ་རྫོང་གི་ལོ་ཧྲིལ་བོའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རན་སྒོར་དུང་ཕྱུར་བཅུ་གསུམ་ལྷག་ཡོངས་འགྲུབ་བྱས་ཏེ་འཕར་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་བཞི་ཡིན་པ་དང་། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་དགུ་ཁྲི་དྲུག་ཡོངས་འགྲུབ་བྱས་པ་དང་། རྫོང་ལ་གཏོགས་པའི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་བཅུ་བཞི་ཡོངས་འགྲུབ་བྱས་ཏེ་བརྒྱ་ཆའི་བཅོ་ལྔ་དང་གྲངས་ཆུང་དགུ་བཞི་འཕར། བཟོ་ལས་འཕར་སྣོན་རིན་ཐང་སྒོར་བྱེ་བ་གསུམ་དང་ས་ཡ་བཞི་འབུམ་བརྒྱད་ཁྲི་བཞི་ཡོངས་འགྲུབ་བྱས་ནས་བརྒྱ་ཆའི་བརྒྱད་འཕར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱིའི་དངུལ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་དྲུག་ཡོངས་འགྲུབ་བྱས་ཏེ་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་ལྔ་འཕར། མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སོ་སོར་སྒོར་ཁྲི་གཉིས་དང་སྟོང་དྲུག་དང་དགུ་དང་སྒོར་སྟོང་དགུ་ཉིས་བརྒྱ་བཅུ་གཅིག་ཏུ་སླེབས་ནས་བརྒྱ་ཆའི་དགུ་དང་གྲངས་ཆུང་གཉིས་གཅིག་དང་བརྒྱ་ཆའི་དགུ་དང་གྲངས་ཆུང་གསུམ་བརྒྱད་འཕར།
དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱིས་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ཡོང་སྒོ་འཕར་བ།
ད་ལོའི་ལོ་མགོར། ཐུན་ཏེ་རྫོང་རྨ་བྱང་ཞང་གུར་དཀར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ར་སྐོར་ནང་དུ་དགའ་སྤྲོའི་རྣམ་པའི་ཁེངས་ཡོད། མཉམ་ལས་ཁང་གི་འགན་འཛིན་པ་ཚེ་བརྟན་གྱིས་སྐད་ཆེན་པོས་སྒྲོག་འདོན་བྱེད་བཞིན་ཡོད་ལ། སྡེ་མི་རྣམས་ཀྱི་ལག་ཏུ་སྒོར་མོ་འབོར་ཆེན་ཐོབ་རྗེས་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག
མཉམ་ལས་ཁང་གི་ཁོངས་མི་ཚེ་དབང་སྐྱབས་ཀྱིས་ད་སོ་མ་བགོ་བཤའ་བྱས་པའི་སྒོར་མོ་ལག་ཏུ་བཟུང་ནས་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད་རྒྱུར། ད་ལོར་མཉམ་ལས་ཁང་ནང་ཞུགས་པ་ནས་བཟུང་། སེམས་ཁུར་བྱེད་ས་མེད་ལ། མཉམ་ལས་ཁང་གི་ལས་ཀ་ཡག་པོར་བསྒྲུབས་ན་གླ་ཕོག་ཡོད་པ་དང་ལོ་མཇུག་ཏུ་ད་རུང་ཁེ་ཕོག་བགོ་ཐུབ་པས་ལོ་སྔོན་མ་དག་དང་བསྡུར་ན་ཡོང་སྒོ་འཕར་སྣོན་མང་པོ་བྱུང་ཡོད།
ལོ་གཅིག་གི་ནང་དུ། ཐུན་ཏེ་རྫོང་གིས་གྲུབ་ཚུལ་ལེགས་སྒྲིག་དང་བྱེད་ཐབས་བཅོས་བསྒྱུར། ཕན་འབྲས་ཇེ་མཐོར་གཏོང་བ་བཅས་གོ་གནས་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་དང་། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་ཁ་ཕྱོགས་གཙོ་བོར་འཛིན་པ། རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་པ་གནད་འགག་ཏུ་འཛིན་པ། ཐོན་སྐྱེད་བདག་གཉེར་བྱེད་ཐབས་ལེགས་བསྒྱུར་བྱེད་པ་ཕྱོགས་སྟོན་གཙོ་བོར་འཛིན་པ། ཞིང་ཕྱུགས་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་མཐོང་ཆེན་བྱས་ནས། རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་སྐྱེད་རྒྱུན་མ་ཆད་པར་ཇེ་ལེགས་སུ་འགྲོ་བ་དང་འདེབས་འཛུགས་ལས་རིགས་གྲུབ་ཚུལ་མུ་མཐུད་དུ་ལེགས་བཅོས་བྱེད་པ། ཕྱུགས་ལས་འཕེལ་རྒྱས་རྒྱུན་མ་ཆད་པར་ཇེ་བཟང་དུ་འགྲོ་བ། ཚན་རྩལ་སྣེ་ཁྲིད་ནུས་པ་མངོན་གསལ་བཅས་ལ་ནུས་ཡོད་སྒོས་སྐུལ་འདེད་བྱེད་དགོས།
མཁར་གྲོང་གི་འཕེལ་རྒྱས་མང་ཚོགས་ཀྱི་མིག་མདུན་དུ་མངོན་ཡོད།
2016ལོར། ཐུན་ཏེ་རྫོང་གིས་ཤུགས་ཆེན་པོས་མ་དངུལ་གཏོང་འགུག་ལག་བསྟར་བྱེད་པ་དང་། ལས་གཞི་སྐུལ་ཁྲིད། ཇུས་གཞི་གསར་གཏོད་བྱེད་པ་བཅས་བྱས་ནས། མིག་སྔར་ལ་རྐང་འཛུགས་པ་དང་རྒྱང་རིང་ལ་མིག་རྒྱང་བསྲིངས་ནས་ཉམས་ཞན་ས་ཕྱོགས་གཅིག་ཏུ་བསྡུ་བ་དང་མགྱོགས་མྱུར་སྒོས་མི་འདང་ས་ཁ་སྣོན་བྱེད་པ། ལོ་ཧྲིལ་བོར་བསྡོམས་པའི་རིགས་མང་པོའི་འཛུགས་སྐྲུན་ལས་གཞི་150ལས་འགོ་བརྩམས་ཏེ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་བཞི་ས་ཡ་ལྔ་ལེགས་འགྲུབ་བྱུང་ནས་ལས་གཞི་འཛུགས་སྐྲུན་ལ་ཕན་འབྲས་གསར་བ་བླངས། མཁར་གྲོང་གི་འགྲིམ་འགྲུལ་ གཞུང་ལམ་དྲ་རྒྱ་མུ་མཐུད་དུ་ལེགས་བཅོས་དང་ཆུ་བེད་རྨང་གཞིའི་སྒྲིག་ཆས་རྒྱུན་མ་ཆད་པར་འཐུས་ཚང་། གློག་དྲའི་སྒྲིག་ཆས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་།
དེང་སྐབས་ཀྱི་གྲོང་སྡེ་མཛེས་ལ་གཞུང་ལམ་རྒྱ་ཆེ་བ། ཁོར་ཡུག་ཇེ་ལེགས་སུ་སོང་བས་གྲོང་ཁྱེར་གྱི་མིས་ལོངས་སུ་སྤྱོད་པ་ང་ཚོས་ཀྱང་ལོངས་སུ་སྤྱོད་ཐུབ་ཞེས་འབའ་གུག་ཞང་འབའ་གོང་མ་སྡེ་བའི་སྡེ་མི་རྣམས་ཀྱིས་དེ་ལྟར་བཤད་བྱུང་།
འབའ་གོང་མ་སྡེ་བར་བཅར་འདྲི་བྱེད་སྐབས། གསར་འགོད་པས་དུས་དང་རྣམ་པ་ཀུན་ཏུ་མི་ཚང་མས་རང་གི་གཞིས་ཁྱིམ་དྲོན་མོ་ལ་བཅིངས་བའི་དགའ་ཞེན་ཚོར་ཐུབ། ཁོ་ཚོས་ཏང་གི་དམངས་ཕྱུག་སྲིད་ཇུས་དང་རང་ཉིད་ཀྱི་སྤྱང་གྲུང་དང་བློ་གྲོས། ལས་ལ་བརྩོན་པའི་ལག་ཟུང་བཅས་ལ་བརྟེན་ནས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་རེ་བ་སེམས་ལ་ཉར་ཡོད།
ཐུན་ཏེ་རྫོང་གིས་རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པ་དེ་མཁར་གྲོང་གཞི་གཅིག་ཅན་གཅིག་གྱུར་འཆར་འགོད་བྱེད་པའི་འཕེལ་རྒྱས་ཀྱི་བྱ་སྤྱོད་གཙོ་བོར་འཛིན་པ་དང་། མཁར་གྲོང་རྙིང་བ་བསྒྱུར་བཀོད་དང་ས་ཁུལ་གསར་བ་གསར་སྤེལ་བྱེད་པ། ནུས་ཤུགས་གང་ཡོད་ཀྱིས་ཞིང་ཕྱུགས་ས་ཁུལ་གྱི་འདུས་སྡོད་འཛུགས་སྐྲུན་མཁྲེགས་གཏོར་དང་བདེ་སྐྱིད་ཀྱི་མཛེས་པའི་གྲོང་ཚོ་བསྐྲུན་པའི་བསམ་ཕྱོགས་ལྟར། ཤུགས་ཆེན་པོས་མཁར་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་དང་། བར་མ་ཆད་པའི་སྒོ་ནས་མཁར་གྲོང་གི་ཆུ་ཚད་མཐོར་འདེགས་དང་མཁར་གྲོང་འཛུགས་སྐྲུན་གྱི་གོམས་སྟབས་ཇེ་མགྱོགས། མཁར་གྲོང་གི་དོ་དམ་ཆུ་ཚད་ཇེ་མཐོར་བཅས་བཏང་ཡོད།
རྫོང་མཁར་ནས་བསྡད་ན་ངོ་མ་སྐྱིད། ཁྱིམ་དུ་བསྡད་ནའང་འདྲ། སྒོར་སོང་བ་གང་ཡིན་རུང་སྔོན་ཆད་ལོངས་སྤྱོད་བྱེད་མི་ཐུབ་པའི་ཆ་རྐྱེན་དེ་དག་ལོངས་སུ་སྤྱོད་ཐུབ་པས་གྲོང་ཁྱེར་བ་ཞིག་ཏུ་གྱུར་བའི་ཚོར་བ་ནི་ཧ་ཅང་སྐྱིད་ཞེས་འབའ་གུག་ཞང་ནས་མཁར་གྲོང་གསར་བར་གནས་སྤར་བའི་ཡུལ་མི་སྒྲོལ་མས་དགའ་སྤྲོའི་ངང་དེ་ལྟར་བཤད།
ལྷད་མེད་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ཕྱོགས་བསྡུས།
ཐུན་ཏེ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ས་ཁུལ་གྱི་བཀོད་སྒྲིག་ནན་གྱིས་གཞིར་བཟུང་ནས། བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ཁྱོན་ཡོངས་ཁྲོད་ཀྱི་སྐྱེ་ཁམས་ཀྱི་འཐབ་ཇུས་གོ་གནས་འབུར་དུ་ཐོན་པར་བྱེད་པ་དང་། སྐྱེ་ཁམས་ཚད་བཀག་བརྟན་པོར་བསྲུངས་ཏེ་མུ་མཐུད་དུ་ཤུགས་ཆེན་པོས་འཕེལ་རྒྱས་ཆ་རྐྱེན་ལེགས་བཅོས་བྱས་ནས་ཁོར་ཡུག་གི་ཐེག་ཁུར་ནུས་ཤུགས་མཐོར་འདེགས་དང་བར་མ་ཆད་པར་རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ནགས་ལས་སྐྱེ་ཁམས་བཟོ་སྐྲུན་རིམ་པ་བཞིན་སྤེལ་བ་དང་སྐྱེ་ཁམས་ཁོར་སྲུང་བྱ་བ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་།
ངའི་ལས་ཀའི་གྲུབ་འབྲས་བཟང་བས། ན་ནིང་འཁོར་ཁང་གི་ཀྲུའུ་རིན་ལ་འདུག་ཐུབ་སོང་། ཟླ་གཅིག་གི་ཟླ་ཕོག་ལ་སྒོར་3200ཡོད། བརྟན་འཇགས་ཀྱི་ཡོང་འབབ་དང་ངོ་སོ་ཡོད་པའི་བྱ་བ་ཞིག་ཡོད་པས་རང་ཉིད་ཀྱི་སེམས་སུ་གྲུབ་འབྲས་ཀྱིས་ཁེངས་ཡོད་ཞེས་ཐུན་ཏེ་རྫོང་ཞིང་ཆེན་རིམ་པའི་ཐོན་ལས་ར་བ་མཚོ་སྔོན་ ནས་ཕྱེ་ཐོན་སྐྱེད་ཚད་ཡོད་ཀུང་ཟིའི་ལས་མི་ནོར་བུ་འབུམ་གྱིས་དགའ་སྤྲོ་ཆེན་པོས་དེ་ལྟར་བཤད།
ནོར་བུ་འབུམ་ནི་སྔོན་ཆད་འབྲོག་མི་ཕལ་བ་ཞིག་ཡིན་ལ་ལོ་འགའི་སྔོན་ལ་ད་རུང་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་རེད། ཁྱིམ་ཚང་གི་ཡོང་སྒོ་གཙོ་བོ་ནི་ལོ་རེར་དབྱར་རྩྭ་དགུན་འབུ་བརྐོ་བ་དེར་བརྟེན་ཡོད། འོན་ཀྱང་དེང་སྐབས་ཁོ་ཐོན་ལས་ར་བའི་ལས་བཟོ་བ་ཞིག་ཡིན་པས་ལས་ཀར་ཞུགས་ནས་ཟླ་ཕོག་བླངས་ཏེ་ཡོང་སྒོ་འཕར་སྣོན་བྱེད་པ་མངོན་འགྱུར་བྱས།
འབའ་གུག་ཞང་འབའ་ཞོལ་མ་སྡེ་བའི་སྡེ་མི་སྒྲོལ་མ་ཚེ་བརྟན་གྱི་གདོང་ལ་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། ང་སྔ་མོ་ནས་དབུལ་ཕོངས་ལས་ཐར་འདོད་ཡོད། ད་ལྟ་ང་ཚོར་ཧ་ཡང་སླ་ངའི་ཐོན་ལས་དང་། གསོ་སྤེལ་ལས་རིགས་སོགས་ཡོད་པས་ཕན་འབྲས་ཧ་ཅང་བཟང་། ལས་ཀ་བཟང་བོར་བསྒྲུབས་ན་ཚང་མས་དབུལ་ཐར་མངོན་འགྱུར་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།
ན་ནིང་དབྱར་ཁར། འབའ་ཞོལ་མ་སྡེ་བས་ཞིབ་བཤེར་ཐེངས་མང་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མི་གྲངས་ལ་ཐོ་འགོད་བྱས་ཏེ་གནད་ཕིགས་དབུལ་ཕོངས་ཁྱིམ་ཚང་བཅུ་གསུམ་དང་མི་གྲངས་ཞེ་བདུན་ངོས་འཛིན་བྱས་ཤིང་མི་རེར་སྒོར་6400བྱིན་པ་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པར་སྡེ་བ་གཅིག་ལ་སྲིད་ཇུས་གཅིག་གི་དབུལ་ཐར་ཐོན་ལས་སྤེལ། དེ་ཡང་རྫོངས་ཡོངས་ཀྱི་ཁྱིམ་ཚང་1159ཅན་གྱི་སྡེ་བ་གཅིག་ལ་སྲིད་ཇུས་གཅིག་གི་ཐུན་མོང་གི་དབུལ་ཐར་ཐོན་ལས་དང་ཁྱིམ་ཚང་713ཅན་གྱི་ཁྱིམ་ཚང་གཅིག་ལ་བཅའ་ཁྲིམས་གཅིག་གི་དབུལ་ཐར་ཐོན་ལས་ཁྲོད་ཀྱི་ཁག་ཅིག་རེད།
འདས་པའི་ལོ་གཅིག་ནི་ཐུན་ཏེ་རྫོང་ལ་མཚོན་ན་སྤྱིར་བཏང་གི་ལོ་གཅིག་མ་ཡིན། གསུམ་གསུམ་བཀོད་པའི་འཐབ་ཇུས་བསམ་ཕྱོགས་གཞིར་བཟུང་ནས། རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་དམངས་ཚིས་ཐོན་སྐྱེད་འཚོ་བའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་ལ་ཡར་སྐུལ། དབུལ་ཐར་གྱི་ཞྭ་མོ་འཕུད་པའི་ལས་གཞིའི་དམིགས་ཚད་ཡོངས་འགྲུབ་བྱས་ཏེ། རྫོང་ཡོངས་ཀྱི་དབུལ་བོ་ཐོན་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་རུ་མར་ཆགས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དབུལ་ཐར་ཞྭ་མོ་ཕུད་པའི་ཞིབ་བཤེར་བྱ་བ་ཁྱོན་ཡོངས་ནས་འགྲུབ་པ་དང་ཐུན་ཏེ་རྫོང་ནི་ཁུལ་ཡོངས་སུ་དབུལ་ཐར་གྱི་རྫོང་དང་པོར་གྱུར།
འཕེལ་རྒྱས་ཀྱི་ཁེ་བཟང་གིས་མང་ཚོགས་ལ་སྟོབས་ཤུགས་བསྩལ།
ཐུན་ཏེ་རྫོང་གིས་དམངས་ཚིས་ལེགས་བཅོས་བྱེད་པ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འཛིན་པ་དང་། འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་ལ་ཡར་སྐུལ་བྱེད་པ་དམ་དུ་བཟུང་ནས། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དངོས་ཡོད་ཀྱི་དམངས་ཚིས་གནད་དོན་ཐག་གཅོད་བྱས།
ལོ་ཙཱ་བ། རྟ་མགྲིན་སྐྱབས།