མཚོ་སྔོན་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་འགྲོ་ལམ་དུ་ཅི་ལྟར་བསྐྱོད་དགོས།
2017.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

 མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་ཕྱུགས་ལས་ས་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་ལ། རྩྭ་སའི་གཞི་ཁྱོན་ཆེ་བས་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད། རྩྭ་སའི་སྐྱེ་ཁམས་གནས་བབ་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་ཐག་གཅོད་བྱེད་ཀྱིན་ཡོད། ཇི་ལྟར་ལྷད་མེད་འཕེལ་རྒྱས་དང་འཁོར་སྐྱོད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ཁུངས་ཡང་བསྐྱར་འཁོར་སྐྱོད་དང་ཡང་བསྐྱར་བེད་སྐྱོད་བྱེད་པ་ནས་མགོ་བརྩམས་ཏེ། རྩྭ་ས་བེད་སྐྱོད་ཀྱི་ཚད་དང་ཐོན་སྐྱེད་ཀྱི་ཚད་མཐོར་འདེགས་གཏོང་བ་དང་། ཕྱུགས་ལས་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་འབྱུང་བ་མངོན་འགྱུར་བྱེད་རྒྱུ་དེ་ནི། ལོ་རྒྱུས་ཀྱིས་མཚོ་སྔོན་ལ་གནང་བའི་འགན་འཁྲི་ཆེན་པོ་ཞིག་རེད།

ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཇུས་ཐག་བཅད་དེ། སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་བའི་བཀོད་སྒྲིག་གལ་ཆེན་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྩྭ་སའི་སྐྱེ་ཁམས་ལ་ཡང་བསྐྱར་འཕེལ་རྒྱས་ཀྱི་འགྲོ་ལམ་ཆེན་པོ་ཞིག་བཏོད་པར་མ་ཟད། ང་ཚོས་སྔོན་མ་བྱས་ནས་ལག་བསྟར་དང་སྔོན་མ་བྱས་ནས་ཚོད་ལྟ་བྱེད་པར་ཡང་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བར་གཉིས་ཕན་གྱི་ཐབས་ལམ་གསར་བ་ཞིག་ཐོག་མར་འཚོལ་ཞིབ་བྱུང་། དེར་བརྟེན་ནས་ཞིང་ལས་པུའུ་ཡིས2014ལོར་མཚོ་སྔོན་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་དུ་བཀོད། ཇི་ལྟར་མུ་མཐུད་དུ་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཀྱི་འགྲོ་ལམ་དུ་བསྐྱོད་པའི་སྐོར་ནས། ཞིང་ཆེན་ཞིང་ཕྱུགས་ཐིན་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་གཙོ་གཉེར་མགོ་ཁྲིད་པ་དང་ཆེད་མཁས་པས་གསར་འགོད་པ་དང་མཉམ་དུ་རྗེས་ཕྱོགས་ཀྱི་གསར་སྐྲུན་འཕེལ་རྒྱས་ཕྱོགས་ལ་གྲོས་སྡུར་བྱས།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཐིན་ཀྲང་གཞོན་པ་མྭ་ཆིན་ཏི་ཡིས་བཤད་རྒྱུར། དུས་ཡུན་རིང་བོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ལས་ས་ཁུལ་གྱིས་ཁེར་རྐྱང་དང་ཐར་ཐོར་དུ་ཐོན་སྐྱེད་བྱེད་པ་ལས་རྩྭ་སའི་སྐྱེ་ཁམས་དང་ཐོན་སྐྱེད་བར་གྱི་འགལ་བ་ཉིན་རེ་བཞིན་འབུར་ཐོན་དུ་གྱུར། 2008ལོའི་གཞི་གྲངས་ལྟར་ན། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆའི་དགུ་བཅུ་ཡན་གྱི་རྩྭ་ས་ཉམས་ཞན་དུ་གྱུར་ཏེ། སྔོན་ཆད་དང་བསྡུར་ན་རྩྭ་སའི་གཞི་ཁྱོན་གྱི་རྩྭའི་ཐོན་ཚད་བརྒྱ་ཆའི་བཅུ་ནས་བརྒྱ་ཆའི་བཞི་བཅུར་ཇེ་དམར་སོང་བ་དང་། མི་རེའི་ཆ་སྙོམས་རྩྭ་སའི་གཞི་ཁྱོན་དེ་སྤྱི་ཆིང་ཆིག་བརྒྱ་ཞེ་བཞི་ནས་སྤྱི་ཆིང་ཞེ་གཉིས་སུ་ཇེ་དམར་སོང་། 2010ལོར་ཞིང་ཆེན་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་རྐྱང་བ་དེ་སྒོར་སུམ་སྟོང་བཞི་བརྒྱ་དོན་བརྒྱད་ཡིན་པས། དེ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་ལས་སྒོར་སུམ་བརྒྱ་དང་གྱ་ལྔ་ཡིས་དམའ་བ་རེད། དེར་བརྟེན། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ན། ད་གཟོད་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་ཕན་ཚུན་འགལ་ཟླར་གྱུར་པའི་དཀའ་གནད་དེ་ཡོངས་སུ་སེལ་ཐུབ།

ལོ་དྲུག་གི་རིང་ལ་འབད་བརྩོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བརྒྱད་བརྒྱ་གྱ་གསུམ་བཙུགས་པ་དང་། མ་རྐང་ལམ་ལུགས་དང་ཁྱིམ་འབྲེལ་ལམ་ལུགས། འཚོ་ཚབ་ལམ་ལུགས་སོགས་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་དཔེ་དབྱིབས་མང་པོ་འཚོལ་ཞིབ་བྱུང་སྟེ། ནང་རྐྱེན་སྒྲིག་སྲོལ་སྟེང་རིམ་བཞིན་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བར་ཕན་འབྲས་ཐོབ་པའི་ཐབས་ལམ་གསར་བ་ཞིག་བཏོད་པ་རེད། ནང་སྒོས་སུ་ཉེ་བའི་ལོ་གཉིས་ཀྱི་ནང་། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད། རྩེ་གྲས་ཀྱི་ཇུས་འགོད་གཅིག་བསྡུས་སྒོས་ལེགས་བཅོས་དང་ཐོན་སྐྱེད་འབྲེལ་བ་གནད་སར་བཞག་ནས་ལེགས་སྒྲིག་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ཁུལ་ཆིག་བརྒྱ་ནས་མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས་པར་མ་ཟད། ངོ་བོ་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་འཁོར་སྐྱོད་ལེགས་པོ་བྱེད་པར་ཉམས་མྱོང་འདོད་སྤྲོད་དང་ཐབས་ལམ་འཚོལ་ཞིབ་བྱུང་།

ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་ཕྱུགས་ལས་ཆེད་མཁས་པ་བང་ཧོས་ལིན་གྱིས་བཤད་རྒྱུར། དོན་དངོས་ཀྱི་ཕན་འབྲས་ལ་བལྟས་ན། ཁྱིམ་འབྲེལ་ལམ་ལུགས་དང་ཁྱིམ་ཚང་ཆེན་པོའི་ལམ་ལུགས། འཚོ་ཚབ་ལམ་ལུགས་བཅས་ཀྱིས་རིམ་པ་ངེས་ཅན་ཞིག་གི་སྟེང་ནས་ཐོན་སྐྱེད་དེ་དེང་རབས་ཅན་གྱི་ཕྱོགས་སུ་རིམ་བསྒྱུར་དང་། སྐྱེ་ཁམས་ཁོར་ཡུག་དེ་རྒྱུན་མཐུད་སྒོས་སྲུང་སྐྱོབ། དམངས་ཡོངས་ཀྱིས་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱེད་པའི་གཞི་རྩའི་འགལ་བ་ད་རུང་ཐག་གཅོད་བྱེད་མི་ཐུབ་པས། མ་རྐང་ལམ་ལུགས་བསྒྱུར་བཀོད་དང་མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་ནི། མིག་སྔའི་གནས་བབ་འོག་སྲོལ་རྒྱུན་ཕྱུགས་ལས་དེ་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཕྱུགས་ལས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་པའི་ཆེས་ཕན་ནུས་ལྡན་པའི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན་སྲིད་ཟེར།

དཔེར་ན། རྩེ་ཁོག་རྫོང་སྦྲ་དཀར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་མང་ཚོགས་མཉམ་ལས་ཁང་དུ་ཞུགས་ཚད་མཐོ་ཞིང་མ་དངུལ་མ་རྐང་དུ་འཇོག་ཚད་མཐོ་བ། ཐོན་ཁུངས་ལེགས་སྒྲིག་བེད་སྤྱོད་བྱེད་ཚད་མཐོ་བ་བཅས་གཙོར་བཟུང་བ་དང་། མ་རྐང་ལམ་ལུགས་ལྟར་འཁོར་སྐྱོད་བྱེད་པ་དམིགས་སུ་བཟུང་བས། ཉེ་བའི་ལོ་ལྔའི་རིང་ལ་རྩྭ་སའི་ཐོན་ཚད་བརྒྱ་ཆའི་བཅུ་ལྷག་ཇེ་མཐོར་སོང་བ་དང་། སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་དྲུག་ཅུ་ནས་བརྒྱ་ཆའི་བརྒྱད་ཅུར་ཇེ་མཐོར་སོང་བ། བྲ་ཁུང་སྔོན་ཆད་དང་བསྡུར་ན་སུམ་ཆའི་གཅིག་ཏུ་ཇེ་ཉུང་ལ་སོང་བ་དང་། རྩྭ་ས་མུའུ་བརྒྱ་ཡི་ཕྱུགས་ཀྱི་ཤོང་ཚད་ལུག་གི་རྩིས་གཞི་གཉིས་ལྷག་ཇེ་ཉུང་དུ་སོང་ཡོད།

མྭ་ཆིན་ཏི་ཡིས་བཤད་རྒྱུར། སྦྲ་དཀར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ཡིན་ནའང་འདྲ། ཡང་ན་མེ་ལོང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གང་ཡིན་རུང་། ཚང་མར་ཁྱད་ཆོས་མངོན་གསལ་རེ་ཡོད། དེ་ནི་རྩྭ་ས་ལྟར་ཕྱུགས་གྲངས་གཏན་འཁེལ་བྱེད་པ་དེ་མཉམ་ལས་ཁང་གི་ཧྲེ་ཡོན་མཉམ་ལས་ཁང་དུ་ཞུགས་པའི་བྱེད་ཐབས་ཤིག་ཏུ་བརྩིས་ནས། ཐོག་མར་རྩྭ་ས་མ་རྐང་དུ་འཇོག་པ་དང་དེ་ནས་ཕྱུགས་ཀྱི་ཤོང་ཚད་ལྟར་མཉམ་ལས་ཁང་དུ་ཞུགས་པའི་ནོར་ལུག་གི་ཁ་གྲངས་གཏན་འཁེལ་བྱེད་པ་དང་། ལྷག་མའི་ནོར་ལུག་དག་ཕྱིར་བཙོང་བའམ་ཡང་ན་གཅིག་བསྡུས་ཀྱིས་འཚོ་གསོ་བྱས་ནས་བཙོང་བ་གཏན་འཁེལ་བྱས་ཏེ། ལམ་ལུགས་ཀྱི་སྟེང་ནས་ཕྱུགས་གྲངས་ཇེ་ཉུང་དུ་བཏང་རུང་ཕན་འབྲས་དང་ཡོང་སྒོ་ཇེ་ཉུང་དུ་མི་འགྲོ་བའི་བྱེད་ཐབས་དངོས་འབེབས་བྱས་པ་དང་། རྩྭ་སའི་ཤོང་ཚད་ལས་བརྒལ་ཏེ་ཕྱུགས་འཚོ་བ་གཏན་འགོག་བྱས། དུས་མཚུངས་སུ། མ་རྐང་ལམ་ལུགས་ཀྱི་མཉམ་ལས་ཁང་ལ་རྩྭ་ས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པའི་ནུས་པ་ཡོད་པས། རྩྭ་སའི་སྟེང་དུ་ཕྱུགས་འཚོ་མཚམས་འཇོག་པ་དང་ཕྱུགས་འཚོ་རུ་འཇུག་པ། རྩྭ་ས་བདག་སྐྱོང་བྱས་ཏེ་འཁོར་རྒྱུགས་ཀྱིས་བེད་སྤྱོད་བྱེད་པ་བཅས་དོན་དངོས་སུ་གྱུར། མ་རྐང་ལམ་ལུགས་བསྒྱུར་བཀོད་བྱས་ཟིན་པའི་མཉམ་ལས་ཁང་གིས་རྩྭ་ཕྱུགས་དོ་མཉམ་ཡོང་བ་བརྒྱུད་དེ། རྩྭ་ས་སླར་གསོ་དང་མི་དང་རང་བྱུང་འཆམ་མཐུན་ཡོང་བར་བྱས།

བང་ཧོས་ལིན་གྱིས་བཤད་རྒྱུར། ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད། ང་ཚོས་མ་རྐང་མཉམ་ལས་ལམ་ལུགས་བདག་གཉེར་གྱི་དཔེ་དབྱིབས་གསལ་བོར་བྱས་པ་དེ་ནི། རྩྭ་ས་དང་ནོར་ལུག་མ་རྐང་དུ་འཇོག་པ་དང་། ཕྱུགས་ཟོག་ཁྱུ་བགོས་ནས་འཚོ་བ། རྩྭ་སའི་སྟེང་རེས་མོས་ཀྱིས་ཕྱུགས་འཚོ་བ། ཧྲེ་ཡོན་ལ་ལས་ཀ་བཀོད་སྒྲིག་བྱེད་པ། མ་རྐང་ལྟར་ཡོང་སྒོ་བགོ་བ་ཡིན་པས། ད་ལྟ་མ་རྐང་ལམ་ལུགས་བསྒྱུར་བཀོད་དོན་ཐོག་ཏུ་འཁྱོལ་བ་དང་། ནང་གནས་སྒུལ་ཤུགས་ཇེ་དྲག་ཡིན་པ། བདག་གཉེར་རྩ་འཛུགས་ནུས་ལྡན་ཡིན་པ། མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་སྒོས་འཕར་སྣོན་འབྱུང་བ་བཅས་ཀྱི་དཔེ་མཚོན་མཉམ་ལས་ཁང་སྐོར་ཞིག་ཞིང་ཆེན་ཡོངས་སུ་འཕྲོ་རིམ་འཕྲོར་འབྱུང་བཞིན་ཡོད། མ་རྐང་དབང་ཆ་གསལ་བོ་ཡིན་པ་དེས་རྩྭ་ས་ཁག་བགོས་དང་ནོར་ལུག་ཁྱུ་བགོས་པ། ལས་ཀ་བགོ་བ། ཕྱུགས་ལས་ཐོན་རྫས་དང་ཐོན་ལས་ཀྱི་རིགས་བགར་བར་རྨང་གཞི་ལེགས་པོ་འདོན་སྤྲོད་བྱས་ཏེ། འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྦས་ཤུགས་ཆེན་པོ་བསྩལ། སྦྲ་དཀར་མཉམ་ལས་ཁང་ལྟ་བུར་མཚོན་ན། མཉམ་ལས་ཁང་དུ་ཕྱུགས་ལས་གཉེར་གྱིན་པའི་ཧྲེ་ཡོན་ཆིག་བརྒྱ་ཉེར་དགུ་ཡོད་པ་དང་། ལྷག་མའི་མི་ཉིས་བརྒྱ་བཅུ་གཉིས་ཀྱིས་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་མཚམས་བཞག་ནས་ཡུལ་བསྐོར་སོགས་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་གྱིན་ཡོད་པ་རེད།

2016ལོར་ཞིང་ཕྱུགས་སྡེ་ཁག་གིས་སྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་མཉམ་ལས་ཁང་ཆིག་བརྒྱ་ཡི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་ཡིན་པ་དེ། ཁུལ་དྲུག་གི་རོང་འབྲོག་པའི་ཆ་སྙོམས་ཆུ་ཚད་ལས་སྒོར་ཆིག་སྟོང་བརྒྱད་བརྒྱ་ལྷག་གིས་མཐོ་བ་རེད། དཔེར་ན། སྦྲ་དཀར་མཉམ་ལས་ཁང་གི2016ལོའི་སྤྱིའི་ཡོང་འབབ་དེ་སྒོར་ས་ཡ་དགུ་འབུམ་བཞི་ལྷག་ཏུ་བསླེབས་པ་དང་། ཡོང་སྒོ་རྐྱང་བ་སྒོར་ས་ཡ་བཞི་འབུམ་དགུ་ལྷག་ཏུ་བསླེབས་ཡོད། མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་ཁྲི་གཅིག་སྟོང་ལྔ་ལས་བརྒལ་བ་རེད། མེ་ལོང་མཉམ་ལས་ཁང་གི་སྤྱིའི་ཡོང་འབབ་དེ་སྒོར་ས་ཡ་དྲུག་འབུམ་དྲུག་ལྷག་ཏུ་བསླེབས་པ་དང་། ཡོང་སྒོ་རྐྱང་བ་དེ་སྒོར་ས་ཡ་གསུམ་འབུམ་བརྒྱད་ལྷག་ཏུ་བསླེབས་ཡོད། མདའ་བཞི་མཉམ་ལས་གིས་མ་རྐང་ལམ་ལུགས་ལག་བསྟར་བྱས་ནས་ལོ་གཅིག་འགོར་རྗེས་ཀྱི་ཡོང་སྒོ་རྐྱང་བ་དེ་སྒོར་ས་ཡ་གཉིས་འབུམ་གཅིག་ཏུ་བསླེབས་པ་རེད།

ཞིང་ཆེན་ཕྱུགས་སྨན་སྤྱིའི་ས་ཚིགས་ཀྱི་ཆེད་མཁས་པ་ལའོ་ཙུན་ཧེ་ཡིས་བཤད་རྒྱུར། མཉམ་ལས་ཁང་གིས་གཅིག་གྱུར་གྱིས་བདག་གཉེར་བྱས་པ་བརྒྱུད། དབུལ་ཕོངས་ཁྱིམ་ཚང་ལ་དམིགས་པའི་ཁ་གསབ་རོགས་དངུལ་ལ་འགན་སྲུང་ཡོད་པར་གྱུར་བ་དང་། མ་རྐང་ལམ་ལུགས་ལག་བསྟར་བྱས་པའི་ས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ལས་མ་གཉེར་ནའང་ཡོང་སྒོ་འཕར་སྣོན་བྱེད་ཐུབ་པར་མ་ཟད། ད་རུང་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་གཉེར་ཆོག་པས། འབྲོག་པ་མང་ཚོགས་ལ་མཚོན་ན་དེ་ནི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་བྱེད་ཐབས་ལེགས་པོ་ཞིག་ཡིན་པ་རེད་ཟེར།


ལོ་ཙཱ་བ།སྒྲོལ་མ་སྐྱིད།