འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་བཞི་ལ་བརྟེན་ནས་བསྒྱུར་བ་བཞི་ལ་སྣེ་ཁྲིད་བྱེད་དགོས།
2017.07.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

 “བསྒྱུར་བ་བཞི”ནི་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་དངོས་འབེབས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན།

མཚོ་སྔོན་ལ་གཙང་བོ་ཆེན་པོ་དང་རྩྭ་ཐང་ཆེན་པོ། བརླན་ས་ཆེན་པོ་སོགས་སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཆུ་བོ་དྭངས་ཤིང་གསལ་ལ་ནགས་ཚལ་སྔོ་ཞིང་ལྗང་བ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན། སྐྱེ་ཁམས་སྲུང་སྐྱོབ་ནི་འགན་འཁྲི་ཆེན་པོ་དང་འཐབ་ཇུས་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཤུགས་ཆེན་པོས་རོགས་སྐྱོར་འོག ང་ཚོས་མུ་མཐུད་དུ་མ་དངུལ་ཇེ་མང་དུ་གཏོང་དགོས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲུང་ཡོལ་ལེགས་པོ་བསྐྲུན་ཏེ། ཆུ་བོ་དྭངས་ཞིང་འབབ་རྒྱུན་མི་ཆད་པར་ཁག་ཐེག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་། ཐོན་ཁུངས་ཐོན་ལས་གསར་བ། སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་སྐྱེ་ཁམས་ཐོན་ལས་བསྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་གཉིས་ཀ་ལེགས་པོར་བསྒྲུབ་དགོས། འཁོར་སྐྱོད་དཔལ་འབྱོར་དང་ལྷད་མེད་འཛད་སྤྱོད་དཔེ་དབྱིབས་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་ཐོན་རྫས་མང་པོ་མཁོ་སྤྲོད་བྱས་ནས་མངོན་མེད་ཀྱི་སྐྱེ་ཁམས་ལེགས་ཆ་དེ་དངོས་ཡོད་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ཏེ། མིང་དོན་དང་མཚུངས་བའི་སྐྱེ་ཁམས་ཆེན་པོའི་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དྲག་པོ་ལྡན་པ་དང་སྐྱེ་ཁམས་བཅོས་སྐྱོང་གི་ནུས་པ་དྲག་པོ་ལྡན་པ། སྐྱེ་ཁམས་ཞབས་ཞུའི་བྱེད་ནུས་ཆ་ཚང་བ། སྐྱེ་ཁམས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ལྡན་པ་བཅས་སྐྱེ་ཁམས་ཀྱི་སྟོབས་དང་ལྡན་པའི་ཞིང་ཆེན་དུ་འགྱུར་བར་བྱེད་དགོས།

མི་གྲངས་ཉུང་བའི་ཞིང་ཆེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོར་མགྱོགས་མྱུར་གྱིས་བསྒྱུར་བ།

འདི་ནི་ཞིང་ཆེན་གྱི་གནས་ཚུལ་གཙོ་བོ་དང་། དཀྱིལ་སྙིང་ནི་སེམས་ཤུགས་དང་ལུས་ཤུགས་གཅིག་ཏུ་བསྡུས་པ་དེ་ཡིན། མི་རིགས་མང་བ་ནི་མཚོ་སྔོན་གྱི་ཁྱད་ཆོས་ཡིན་ལ། མཚོ་སྔོན་གྱི་ལེགས་ཆའང་ཡིན། དུས་ཡུན་རིང་པོའི་ཚུན་ལ། མི་རིགས་སོ་སོས་མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་སྟེང་ཕན་ཚུན་འགྲོ་འོང་བརྗེ་རེས་དང་འཆམ་མཐུན་མཉམ་གནས་ཀྱིས་འཚོ་སྡོད་བྱས་ཡོད་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ནི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ང་ཚོས་ནམ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། སྔོན་སྐྱོད་ཁུལ་འཛུགས་སྐྲུན་སྔར་ལས་རྒྱ་ཇེ་ཆེ་དང་ཁྱབ་ཁོངས་ཇེ་ཡངས། གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་དང་། སྔར་ལས་ལྷག་པར་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་། རྒྱུན་རིང་གི་ལོ་རྒྱུས་ལྡན་པའི་མི་རིགས་རིག་གནས་དར་སྤེལ་གཏོང་བ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ལས་དོན་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་བསྐྲུན་གང་ཐུབ་བྱེད་དགོས།

ས་གནས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞིབ་འཇུག་བྱེད་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འདྲེས་པར་སྐུལ་འདེད་བྱེད་པ།

འདི་ནི་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་སྲིད་ཇུས་ཡིན་ལ། དཀྱིལ་སྙིང་ནི་སྟེགས་བུ་བསྐྲུན་པའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་ཡིན། ལག་ལེན་ལས་བདེན་དཔང་བྱུང་བ་ལྟར་ན། མཚོ་སྔོན་དེ་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་འཐབ་ཇུས་ཁྲོད་བཞག་ནས་འཆར་འགོད་བྱས་ཚེ། ད་གཟོད་ལེགས་ཆ་འཚོལ་ཐུབ་ལ། ཁ་ཕྱོགས་ཀྱང་རྙེད་ཐུབ་པ་མ་ཟད། དགེ་སྤེལ་སྐྱོན་སྤང་དང་བབ་བསྟུན་འཕེལ་རྒྱས་གཏོང་ཐུབ། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་བྱེད་ནུས་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཐོན་ཁུངས་མཉམ་འདྲེས་བྱེད་ནུས། ཤར་བསྟུན་ནུབ་སྤེལ་གྱི་སྦྲེལ་ཐག་བྱེད་ནུས་བཅས་ཇེ་དྲག་ཏུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། འབྲི་ཆུའི་དཔལ་འབྱོར་མུ་རྒྱུད། མཚོ་སྔོན་ཁ་གཏད་རོགས་སྐྱོར། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་རེས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་མཉམ་དུ་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་བའི་སྟེང་མགྱོགས་མྱུར་ངང་བསྐྱོད་དགོས།
སྣ་གཅིག་ཡིནཔའི་ཞིང་ཕྱུགས་ལས་ཀྱི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་སྲུང་སྐྱོབ་བཅས་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་བཟང་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད་དགོས།

འདི་ནི་དམངས་ཕྱུག་ཐབས་ཇུས་ཡིན་ལ། དཀྱིལ་སྙིང་ནི་ཞིང་གསུམ་བསྒྱུར་བའི་འཕེལ་རྒྱས་ཡིན། ཁྱོན་ཡོངས་འབྱོར་འབྲིང་གི་དཀའ་གནད་དང་གཙོ་གནད་ནི་རོང་འབྲོག་ཁུལ་ཡིན་ལ། མཚོ་སྔོན་གྱི་རོང་འབྲོག་ཁུལ་མང་ཆེ་བ་ནི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཡིན། ས་ཞིང་དང་རྩྭ་ས། ནགས་ཚལ་བཅས་ནི་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་ཡིན་ལ། སྐྱེ་ཁམས་ཐོན་ཁུངས་ཡང་ཡིན། ང་ཚོས་ཡང་དག་པའི་སྒོ་ནས་སྲུང་སྐྱོབ་དང་འཕེལ་རྒྱས། སྲུང་སྐྱོབ་དང་དམངས་འཚོའི་བཅས་བར་གྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ལ། ཁོར་ཡུག་སྲུང་སྐྱོབ་དང་ཞིང་སྡེ་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་བསྡུས་ཇུས་འདོན། ཚན་རིག་ལུགས་མཐུན་སྒོས་ཞིང་ཕྱུགས་ལས་ཀྱི་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་པའི་སྡོད་ཁང་ཧུར་ཐག་གིས་ལེགས་བཅོས་བྱས་ཏེ། སྐྱེ་ཁམས་ལ་དངོས་གནས་སྲུང་སྐྱོབ་ཐོབ་པ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལ་འཕེལ་རྒྱས་ཆེན་པོ་འབྱུང་བ། རོང་འབྲོག་པའི་ཡོང་སྒོ་བསྟུད་མར་ཇེ་མང་དུ་འགྲོ་བའི་ཕན་འབྲས་ཟུང་གི་འཕེལ་རྒྱས་བགྲོད་ལམ་ཞིག་གཏོད་དགོས།

“བསྒྱུར་བ་བཞི”ནི་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་དངོས་འབེབས་བྱེད་པའི་མཚོན་བྱ་གལ་ཆེན་ཡིན་ལ། ཞིང་ཆེན་གྱི་གནས་ཚུལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བའི་རིགས་ལམ་གསར་སྐྲུན་བྱས་པ་ཡིན་ཞིང་། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དངོས་འབེབས་བྱེད་པའི་བྱེད་ཐབས་དང་ཐབས་ལམ་ཡིན་པས། ཡང་དག་པའི་སྒོ་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུའི་བྱ་བའི་བསམ་ཕྱོགས་དང་ཡོངས་སུ་མཐུན། “བསྒྱུར་བ་བཞི”འབྲེལ་གཏུག་དམ་ཟབ་དང་ཕན་ཚུན་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་སྟོབས་དང་ལྡན་པའི་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས་ལ། དེས་མདུན་སྐྱོད་འཕེལ་རྒྱས་ཀྱི་རིན་ཐང་སྙེག་ཚུལ་མཚོན་པ་དང་། བསྒྱུར་བ་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་དགོས་ཤིང་། དེས་སྤྱི་ཚོགས་ཡར་ཐོན་གྱི་ཁ་ཕྱོགས་ཡང་དག་པར་མཚོན་པ་དང་། བསྒྱུར་བ་མངོན་འགྱུར་བྱེད་པའི་འགན་སྲུང་གལ་ཆེན་ཡིན། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཉམ་འདྲེས་བྱེད་དགོས་ཤིང་། དེས་བསམ་བློ་བཅིངས་འགྲོལ་དང་རང་འགུལ་གྱིས་བྱེད་པའི་བསམ་བློའི་སྙིང་སྟོབས་མཚོན་ཞིང་། བསྒྱུར་བ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་བཟང་བོའི་ཕྱོགས་སུ་མགྱོགས་མྱུར་ངང་བསྐྱོད་པ་མངོན་འགྱུར་བྱེད་པ་དང་། དེས་མི་གཙོ་བོར་འཛིན་པ་དང་ཆོས་ཉིད་བརྩི་སྲུང་བྱེད་པ། རང་བྱུང་དང་མཐུན་པ། ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་བཅས་ནང་གནས་ཀྱི་བླང་བྱ་མཚོན་ཞིང་། བསྒྱུར་བ་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཡིན། ང་ཚོས་ངེས་པར་དུ་བསམ་བློའི་འདུ་ཤེས་དང་བསམ་གཞིགས་བྱེད་སྟངས། འཕེལ་རྒྱས་རྣམ་པ། སྣེ་ཁྲིད་ནུས་པ། གཞི་རྩའི་སྤུས་ཚད་སོགས་ཀྱི་ཐད་ནས་འགྱུར་བ་ཆེན་པོ་དང་མཐོར་འདེགས་ཆེན་པོ་མངོན་འགྱུར་བྱེད་དགོས་ལ། འགྱུར་བའི་ཁྲོད་མདུན་སྐྱོད་དང་མ་འོངས་གསར་གཏོད་བྱེད་དགོས།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་ནས་བསྒྱུར་བ་བཞི་བཏོན་པའི་རྗེས་སུ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱིས་ཡང་བསྐྱར་བསྒྱུར་བ་བཞིའི་ནང་དོན་ལ་གསལ་བཤད་གནང་བ་དང་། བསྒྱུར་བ་བཞིའི་ཕན་ཚུན་བར་གནས་པའི་གཏན་ཚིགས་འབྲེལ་བ་ཁ་གསབ་བྱས་ལ། བསྒྱུར་བ་བཞིའི་བསམ་བློའི་ནང་དོན་སྔར་བས་གཏིང་ཇེ་ཟབ་ཏུ་བཏང་། བསྒྱུར་བ་བཞི་ཡིས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་སོགས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ཆེན་པོ་ལྔ་དེ་ཐོག་མཐའ་བར་གསུམ་ཏུ་མཛུབ་སྟོན་བྱས་ཏེ། འཕེལ་རྒྱས་བསམ་ཕྱོགས་ཆེན་པོ་ལྔ་གཞི་གཅིག་ཏུ་འདྲེས་བར་བྱས།

དེང་སྐབས་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་བ་མང་པའི་གནས་ཚུལ་འོག མཚོ་སྔོན་ཞིང་ཆེན་གྱི་ཕྱི་ནང་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་རྙོག་འཛིང་ཆེ་བ་དང་། དཔལ་འབྱོར་ཇེ་ཞན་དུ་འགྲོ་བའི་གནོན་ཤུགས་བསྟུད་མར་ཇེ་ཆེར་འགྲོ་བ། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དེ་འགྲན་རྩོད་མང་པོར་འཕྲད་ཡོད་པ་རེད། བསྒྱུར་བ་བཞི་ནི་ཞིང་ཆེན་ཏང་ཨུས་རྣམ་པ་གསར་བའི་འོག ཚན་རིག་དང་མཐུན་པའི་སྒོ་ནས་བཏོན་པའི་མཚོ་སྔོན་འཕེལ་རྒྱས་ཀྱི་འཐབ་ཇུས་ཤིག་ཡིན་པས། རང་ཞིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་དམིགས་འབེན། འཕེལ་རྒྱས་ཐབས་ལམ། འཕེལ་རྒྱས་འཐབ་ཇུས་སོགས་ཐད་ཀྱི་བསམ་བློ་གསར་བ་དང་བསམ་ཕྱོགས་གསར་བ། གསར་གཏོད་གསར་བ། བསམ་ཕྱོགས་གསར་གཏོད་ཀྱི་གཅིག་བསྡུས་མཚོན་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱིས་ནན་གྱིས་བསྟན་དོན། རྣམ་པ་གསར་བའི་ལས་འགན་འོག ང་ཚོས་ངེས་པར་དུ་འཐབ་ཇུས་གསར་བར་བརྟེན་ནས་གསར་གཏོད་ལ་ཤུགས་བསྣན་ཏེ། བསམ་བློའི་གསར་གཏོད་ཀྱིས་ལམ་ལུགས་གསར་གཏོད་ལ་སྣེ་ཁྲིད་བྱེད་ཐུབ་པ་དང་། ལམ་ལུགས་གསར་གཏོད་ཀྱིས་དོ་དམ་གསར་གཏོད་དང་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བྱེད་ཐུབ་པར་འབད་བརྩོན་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་བྱེད་དགོས་ཟེར།

བཅོས་སྒྱུར་དང་ཕྱི་ཕྱོགས་སུ་སྒོ་ཕྱེས་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། མཚོ་སྔོན་གྱི་ཕྱོགས་བསྡུས་འཕེལ་རྒྱས་ལ་མཐོར་འདེགས་ཆེན་པོ་བྱུང་བ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་ཐོད་བརྒལ་ཆེན་པོ་བྱུང་། འོན་ཀྱང་། མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་དོ་སྙོམས་མིན་པ་དང་སྙོམས་སྒྲིག་མིན་པ། རྒྱུན་མཐུད་མི་ཐུབ་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་ལ། ལྷག་པར་ཏུ། རོང་འབྲོག་ཁུལ་དང་གྲོང་བརྡལ་འཕེལ་རྒྱས་སྙོམས་སྒྲིག་མིན་པ་དང་། ཐོན་ལས་གྲུབ་ཚུལ་ལུགས་མཐུན་མིན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་དལ་བ། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སོགས་ལ་འགལ་བ་གནས་ཡོད། འདི་ལས་ང་ཚོས་མཚོ་སྔོན་འཕེལ་རྒྱས་ལ་འཆར་འགོད་བྱེད་སྐབས་ངེས་པར་དུ་འཕེལ་རྒྱས་བསམ་ཕྱོགས་སྙོམས་སྒྲིག་བྱེད་དགོས། བསྒྱུར་བ་བཞི་ནི་དཔལ་འབྱོར་དང་སྐྱེ་ཁམས། མི་གྲངས་དང་མི་རིགས། རྒྱལ་ཁབ་དང་ས་གནས་ཀྱི་འཕེལ་རྒྱས། སྲོལ་རྒྱུན་དཔལ་འབྱོར་དང་སྐྱེ་ཁམས་དཔལ་འབྱོར་སོགས་ཀྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གནད་འགག་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་བཏང་སྟེ། གཅིག་གྱུར་ལྟ་རྟོག་དང་མཐུན་སྦྱོར་སྐུལ་སྤེལ། ཁྱོན་ཡོངས་ནས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རིགས་པའི་གཞུང་ལུགས་ཀྱི་བསམ་ཕྱོགས་གསར་བ་མཚོན་པར་བྱས་ཡོད།

མཚོ་སྔོན་ལ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་དང་། ཀྲུང་ཧྭའི་ཆུ་མཛོད་ཞེས་པའི་མཚན་སྙན་ཡོད་ལ། རང་རྒྱལ་གྱི་ཆེས་གལ་ཆེ་བའི་སྐྱེ་ཁམས་སྲུང་ཡོལ་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་འཐབ་ཇུས་གོ་གནས་བཟུང་ཡོད། སྐྱེ་ཁམས་ནི་མཚོ་སྔོན་གྱི་རྩ་ཆེ་བའི་ཐོན་ཁུངས་ཡིན་ལ། མཚོ་སྔོན་འཕེལ་རྒྱས་ཀྱི་ལེགས་ཆ་དང་ནུས་ཤུགས་ཀྱང་ཡིན། འོན་ཀྱང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཞན་པ་སོགས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་ཐུབ་མེད། མཚོ་སྔོན་འཕེལ་རྒྱས་ཁྲོད། སྐྱེ་ཁམས་འཕེལ་རྒྱས་ཀྱི་ལེགས་ཆ་བཟང་བོ་དམ་འཛིན་བྱེད་དགོས་པ་མ་ཟད། རྒྱུན་མི་ཆད་པར་ནུས་ཤུགས་སྔོག་འདོན་བྱེད་པ་དང་ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། དེ་མིན། མཚོ་སྔོན་གྱི་ཁོར་ཡུག་ཞན་པ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་ནི་མཚོ་སྔོན་འཕེལ་རྒྱས་གཏོང་བའི་ལམ་བུ་གཙོ་བོ་ཡིན་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་ལེགས་ཆ་ཆེན་པོ་ཞིག་དང་། འཐབ་ཇུས་བཟང་བོ་ཞིག་རེད། ང་ཚོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་མ་ཟད། དེ་བས་ཀྱང་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་བསམ་བློའི་འདུ་ཤེས་འཛུགས་པ། འཁོར་སྐྱོད་དཔལ་འབྱོར་དང་ལྷད་མེད་ཐོན་སྐྱེད། འཛད་སྤྱོད་བྱེད་སྟངས་སོགས་བཙུགས་ཏེ། སྐྱེ་ཁམས་ཐོན་རྫས་མང་པོ་འདོན་སྤྲོད་བྱེད་པ་དང་། མི་མངོན་པའི་སྐྱེ་ཁམས་ལེགས་ཆ་དེ་དངོས་ཡོད་ཀྱི་དཔལ་འབྱོར་ལེགས་ཆ་རུ་བསྒྱུར་ཏེ། སྐྱེ་ཁམས་བཟང་བའི་ཞིང་ཆེན་ཆེན་པོར་འགྱུར་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཆེན་པོ་ལྡན་པ་དང་། སྐྱེ་ཁམས་བཅོས་སྐྱོང་དང་ཞབས་ཞུ། དཔལ་འབྱོར་བཅས་ཀྱི་ནུས་པ་ཆེན་པོ་ལྡན་པའི་སྐྱེ་ཁམས་སྟོབས་ལྡན་གྱི་ཞིང་ཆེན་དུ་གོམ་པ་སྤོ་དགོས།

ལོ་ངོ་སུམ་ཅུའི་རིང་གི་འཕེལ་རྒྱས་ཁྲོད། མཚོ་སྔོན་གྱིས་སྒོ་འབྱེད་བསམ་ཕྱོགས་ལག་བསྟར་ནན་མོ་བྱེད་པ་དང་། སྒོ་འབྱེད་འཕེལ་རྒྱས་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱེད་པ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་། མཚོ་སྐོར་འགྲན་སྡུར། དབྱི་སི་ལན་ཟས་རིགས་འགྲེམ་སྟོན། བོད་ལུགས་ས་གདན་འགྲེམ་སྟོན་སོགས་དཔལ་འབྱོར་ཚོང་དོན་རིག་གནས་བྱེད་སྒོ་གལ་ཆེན་གྱི་རྒྱལ་སྤྱིའི་ཅན་གྱི་ཆེད་ལས་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གསར་བ་བསྐྲུན། འོན་ཀྱང་། འདི་དག་གི་ཁྲོད་དུ་སྔར་བཞིན་གནད་དོན་དང་མི་འདང་ས་གནས་ཡོད། གཅིག་ནི་སྒོ་འབྱེད་ཀྱི་ཤུགས་ཚད་ཆུང་བ། གཉིས་ནི་སྒོ་འབྱེད་ཀྱི་ཁྱབ་ཚད་དང་གཏིང་ཚད་ཆུང་བ། བསྒྱུར་བ་བཞིའི་ཁྲོད་བཏོན་པའི་ས་གནས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞིབ་འཇུག་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་བར་བྱེད་པ་དེ་ནི། མཚོ་སྔོན་གྱིས་རྒྱུད་གཅིག་ལམ་གཅིག་དང་། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་བཟང་བོ་སྤྱད་དེ། རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་འཕེལ་རྒྱས་འཐབ་ཇུས་ཁྲོད་མཉམ་འདྲེས་བྱེད་པ་དང་། སྒོ་འབྱེད་རྒྱ་བསྐྱེད་པ། འཕེལ་རྒྱས་གོ་སྐབས་སྔར་ལས་མང་པོ་འཚོལ་སྙེག་བྱེད་པ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ངང་གོང་ཏུ་འཕེལ་བར་སྐུལ་འདེད་བྱས།

དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་འབྲས་བུ་དམངས་ཀྱིས་མཉམ་སྤྱོད་བྱེད་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བླང་བྱ་རེད། བསྒྱུར་བ་བཞིའི་མཐར་ཐུག་གི་དམིགས་འབེན་ནི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་བྱེད་རྒྱུ་དེ་ཡིན་ལ། ནུས་ཤུགས་གང་ཡོད་ཀྱིས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་ཡོང་འབབ་མཐོར་འདེགས་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ། མཚོ་སྔོན་གྱི་མང་ཚོགས་ལ་ཕན་ཁེ་སྔར་ལས་མང་པོ་བསྐྲུན་པ། མཉམ་སྤྱོད་འབྲས་བུ་སྔར་ལས་མང་པོ་ཐོབ་པར་བྱེད་པ། དེ་མིན་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ཡོད་པ་དང་། སྤུས་ཚད་ལྡན་པར་བྱེད་རྒྱུ་དེ་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། ཁོར་ཡུག་མཛེས་བཟོ། མཁའ་དབུགས་གཙང་བཟོ་བྱེད་པ་སོགས་བྱས་ཏེ། མཛེས་སྡུག་གི་མཚོ་སྔོན་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་མི་རིགས་སོ་སོའི་བར་ཕན་ཚུན་རོགས་རེས་དང་ཕན་ཚུན་འཆམ་མཐུན། ཕན་ཚུན་འབྲེལ་འདྲིས་སོགས་བྱས་ཏེ། འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་དགོས།
 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།