གཅན་ཚ་རྫོང་གིས་ཏང་ཡོན་ལ་ཐུགས་ཁུར་དང་སྐུལ་མ་གཏོང་བའི་ནང་རྐྱེན་གསར་བ་བཙུགས།
2017.07.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

ཏང་ནང་གི་སྐུལ་མ་དང་ཐུགས་ཁུར། རོགས་སྐྱོར་བཅས་ཀྱི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གཞི་རིམ་གྱི་ལས་བྱེད་པ་དང་ཏང་ཡོན་རྒན་པ། འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་རྣམས་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་བའི་ཆེད་དུ། ན་ནིང་གི་ཟླ་གསུམ་པ་ནས་བཟུང་གཅན་ཚ་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་ནང་གི་སྐུལ་མ་དང་ཐུགས་ཁུར། རོགས་སྐྱོར་བཅས་ཀྱི་ནང་རྐྱེན་ཆ་ཚང་ཞིག་བཙུགས་ནས། ཏང་ནང་ཁུལ་དུ་འཆམ་མཐུན་ཡོང་བ་བརྒྱུད་ནས་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་སྐུལ་འདེད་བཏང་བས། ཏང་ཡོན་སྔར་ལས་མང་པོར་གཟི་བརྗིད་ཀྱི་སྣང་བ་དང་ཁོངས་གཏོགས་ཀྱི་སྣང་བ་ཡོད་དུ་བཅུག་ཅིང་། མང་ཚོགས་སྔར་ལས་མང་པོར་མིག་དཔེ་མཐོང་དུ་བཅུག་པས། གཞི་རིམ་རྩ་འཛུགས་སྔར་ལས་མང་པོར་གསོན་ཤུགས་དང་ཡིད་ཆེས་བསྩལ།

རྒྱུས་ལོན་པ་ལྟར་ན། རྫོང་དེས«གཅན་ཚ་རྫོང་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སྐུལ་མ་དང་ཐུགས་ཁུར། རོགས་སྐྱོར་བཅས་བྱེད་པའི་ལམ་ལུགས»དང«གཅན་ཚ་རྫོང་གི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་སྐུལ་མ་དང་ཐུགས་ཁུར། རོགས་སྐྱོར་བཅས་བྱེད་པའི་མ་དངུལ་དོ་དམ་དང་སྐབས་སྤྱོད་བྱེད་ཐབས»གཉིས་གཏན་འབེབས་བྱས་ཤིང་། ལོ་རེར་ཏང་རྩ་འཛུགས་ཀྱིས་སྐུལ་མ་དང་ཐུགས་ཁུར། རོགས་སྐྱོར་བཅས་ཆེད་དོན་ཐེབས་རྩ་སྒོར་འབུམ་ལྔ་དང་ཁྲི་ལྔ་ཅན་བཙུགས་པ་དང་། ཏང་ནང་གི་སྙིང་གཏམ་བཤད་རེས་དང་འཚམས་འདྲི་བྱེད་པ། དམིགས་བསལ་གྱི་ཏང་ཡོན་ལ་འཚམས་འདྲི་བྱེད་པ། སྐུ་གཤེགས་པའི་ཏང་ཡོན་ལ་མྱ་ངན་ཞུ་བ་དང་།“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་པར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འགན་སྲུང་སོགས་བྱ་བའི་ནང་རྐྱེན་རིགས་ལྔ་བཙུགས་པར་མ་ཟད། ད་དུང་དཀའ་ངལ་ཡོད་པའི་ཏང་ཡོན་ལ་རིགས་དབྱེ་ནས་རོགས་སྐྱོར་དང་ཆ་བསྒྲིགས་ནས་རོགས་སྐྱོར། ཐོན་སྐྱེད་ཐད་རོགས་སྐྱོར་བྱེད་པའི་རོགས་སྐྱོར་ནང་རྐྱེན་རིགས་གསུམ་བཙུགས་པས། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་རྩ་འཛུགས་བར་ནུས་ལྡན་གྱིས་སྦྲེལ་མཐུད་བྱས་ཏེ། སྐུལ་མ་དང་ཐུགས་ཁུར། རོགས་སྐྱོར་བཅས་ཀྱི་མཉམ་འགུལ་གྱི་ནང་རྐྱེན་གྲུབ་པར་བྱས།

2016ལོའི་ལོ་མཇུག་ཏུ། རྫོང་དེས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་སྒྲུབ་མཁན། སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས།“གཞི་གསུམ”འཛུགས་སྐྲུན་ཁྲོད་ཀྱི་སྔོན་ཐོན་མི་སྒེར།“གཞི་གསུམ”འཛུགས་སྐྲུན་ཁྲོད་ཀྱི་སྔོན་ཐོན་ཐུན་མོང་། གྲོང་ཚོར་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱེད་པའི་ཕུལ་བྱུང“ཧྲུའུ་ཅི་དང་པོ”དག་ལ་སོ་སོར་གཟེངས་བསྟོད་བྱས་ཤིང་། གཟེངས་བསྟོད་མ་དངུལ་སྒོར་ཁྲི་བརྒྱད་དང་སྟོང་དགུ་ལྔ་བརྒྱ་བྱིན།“དུས་ཆེན་གཉིས”ཀྱི་སྐབས་སུ་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་ཉིས་བརྒྱ་ཉི་ཤུ་ལ་འཚམས་འདྲི་བྱེད་དུ་སོང་ནས་མ་དངུལ་སྒོར་ཁྲི་དགུ་བྱིན། ད་དུང་ནད་ཕོག་ནས་སྨན་ཁང་དུ་སྡོད་པའི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་བྱས་པ་དང་། སྐུ་གཤེགས་པའི་ཏང་ཡོན་ལ་མྱ་ངན་ཞུས་ཤིང་ནང་མིར་འཚམས་འདྲི་བྱས་ནས་མ་དངུལ་སྒོར་ཁྲི་གཅིག་དང་སྟོང་དགུ་བྱིན། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་ཁུར་པ་གཙོ་བོ་བརྒྱ་དང་བདུན་ཅུ་ལ་སྒོར་ཁྲི་གཉིས་དང་སྟོང་བདུན་གྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འགན་སྲུང་ཉོས། དེ་མིན་རིམ་པ་ཁག་གི་རྩལ་ནུས་གསོ་སྦྱོང་རྩ་འཛུགས་བྱས་ཤིང་མི་སྟོང་ལྷག་ནང་དུ་ཞུགས་ཡོད། དཀའ་ངལ་ཡོད་པའི་ཏང་ཡོན་བརྒྱ་ལྷག་ལ་རོགས་སྐྱོར་མ་དངུལ་སྒོར་འབུམ་གཉིས་དང་ཁྲི་བདུན་སྟོང་བརྒྱད་བྱིན།

ཆབ་སྲིད་ཐད་ཐུགས་ཁུར་དང་བསམ་བློའི་ཐད་སེམས་ཁུར། བསམ་པའི་ཐད་བསྔགས་སྐུལ། དཔལ་འབྱོར་ཐད་རོགས་སྐྱོར་བྱས་པ་བརྒྱུད་གཅན་ཚ་རྫོང་གིས་བྱེད་ཐབས་ནུས་པ་ལྡན་ཞིང་འགན་སྲུང་ནུས་པའང་ལྡན་པའི་བྱ་བའི་ནང་རྐྱེན་བཙུགས་པས། རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱི་བྱ་བ་སྒྲུབ་པའི་བརྩོན་སེམས་དང་སྒུལ་ཤུགས་ལ་སྔར་ལས་སྐུལ་སློང་བྱས།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།