སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་ལས་འགན་གལ་ཆེན་ཞིག་ཡིན།
2017.07.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 24

རྫོང་མཁར་ནང་དུ་རིམ་པ་སྟར་ཆགས་ཤིང་གྲལ་དག་པའི་ཁང་པ་དང་ཡངས་པའི་སྲང་ལམ་དེ་དང་ནམ་མཁའ་ཡི་སྤྲིན་དཀར། མཐའ་སྐོར་གྱི་སྔོ་ལྗང་ལྗང་གི་རྩྭ་ཐང་སོགས་ཡིད་དབང་འཕྲོག་པའི་རི་མོ་བཞིན་དུ་མིག་ལམ་དུ་ཤར་ཡོང་། སྔོ་ལྗང་གི་འགྲོ་ལམ་ཞིག་གི་འགྲམ་དུ་འབྲི་ཆུའི་ཡན་ལག་ཆུ་ཕྲན་གཙོ་བོ་སྟེ་ནས་ཆགས་ཆུར་བཞུར་བའི་བཞུར་རྒྱུན་དག་ནི་རལ་པ་ལྟ་བུར་སྣང་།

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། གསར་འགོད་པ་ཞིང་ཆེན་རིམ་པའི་གཞུང་ལམ་སུམ་བརྒྱ་དང་བརྒྱད་ལ་བརྒྱུད་ནས་འབྲི་ཆུའི་ཆུ་མགོའི་རྫོང་དང་པོ་ཞེས་མཚན་སྙན་གྲགས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་ཕྱིན ། སྔ་མོའི་དུས་ཚོད་དྲུག་གི་སྟེང་དུ་འབྲི་སྟོད་རྫོང་གི་ཁོར་ཡུག་འཕྲོད་བསྟེན་ཁང་གི་རྣམ་སྲས་ཀྱིས་ལག་འོག་གི་ཁོར་ཡུག་འཕྲོད་བསྟེན་བཟོ་པ་ལྔ་བཅུ་ཁྲིད་ནས་ཉིན་གཅིག་གི་བྱ་བ་སྒྲུབ་མགོ་བརྩམས་ཤིང་། འགན་ཁུར་དང་ལེན་ས་ཁུལ་གྱི་གཙང་སྦྲ་གནས་ཚུལ་ལ་ཞིབ་བཤེར་དང་སྲང་ལམ་གྱི་གད་སྙིགས་གཙང་དག་བྱས།

“ད་ལྟ་རྫོང་མཁར་གྱི་ཁོར་ཡུག་ཧ་ཅང་གཙང་མ་ཡིན། ཚང་མའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་ལས་ཇེ་མཐོར་སོང་ཡོད། སྔོན་ཆད་འབྲོག་པ་རྣམས་ཀྱིས་རང་འདོད་ལྟར་གད་སྙིགས་གཡུག་པ་ཡིན། ད་ལྟ་རྫོང་མཁར་དུ་གད་སྙིགས་འབྱོ་སྣོད་བཞག་ཡོད་པས། འབྲོག་པ་མང་ཚོགས་ཚོས་རང་རྟོགས་ཀྱིས་གད་སྙིགས་ཚང་མ་གད་སྙིགས་འབྱོ་སྣོད་ནང་འཕེན་པའི་གོམས་གཤིས་དེ་ཆགས་ཡོད། འབྲོག་པ་མང་ཆེ་བས་ལམ་དུ་གད་སྙིགས་མཐོང་དུས་རང་འགུལ་གྱིས་གད་སྙིགས་འབྱོ་སྣོད་དུ་འཕངས་པ་ཡིན”ཞེས་འབྲི་སྟོད་རྫོང་གི་ཁོར་ཡུག་སྐོར་གླེང་དུས་རྣམ་སྲས་ཀྱིས་དེ་ལྟར་བཤད་བྱུང་།

མི་མང་ན་སྟོབས་ཤུགས་ཆེ། རྩྭ་ཐང་གི་ཡུལ་ལྗོངས་ཉིན་རེ་བཞིན་མཛེས་པར་གྱུར། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར། འབྲི་སྟོད་རྫོང་གི་དམངས་ཁྲོད་ནས་རང་འགུལ་སྒོས་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་ཤིག་བཙུགས་པ་དང་། མི་བདུན་བཅུ་རང་འདོད་ལྟར་དེའི་ནང་དུ་ཞུགས། མི་དེ་དག་ནི་འབྲི་སྟོད་རྫོང་གི་ལས་རིགས་སོ་སོ་ནས་ཡོང་བ་དང་ཉིན་རེའི་ཕྱི་དྲོའི་དུས་ཚོད་བདུན་གྱི་སྟེང་འཚོགས་ཏེ་སྲང་ལམ་གྱི་གད་སྙིགས་གཙང་བཅོས་བྱས། ལོ་གཅིག་གི་རིང་ཆར་བ་བབས་པ་དང་ཡང་ན་རླུང་གཡུགས་རུང་སྤེལ་མཚམས་ཆད་མ་མྱོང་།

འབྲི་སྟོད་རྫོང་ནི་འབྲི་ཆུའི་མགོ་ཁུངས་ཡིན་པའི་ཆ་ནས། མངའ་ཁོངས་ནང་ཆུ་བེད་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་ཏེ་ཆུ་བོ་ཆེ་ཆུང་བརྒྱད་བཅུ་ལྷག་ཡོད། ཆུ་ལམ་ནང་དུ་བྱེ་རྡོ་ཐོན་ཁུངས་མོད་པོ་ལྡན་པས།ཉིས་སྟོང་བཅུ་བཞི་ལོར་འབྲི་སྟོད་རྫོང་འབྲི་ཆུ་ཞང་ཐང་ཁ་སྡེ་བའི་སྡེ་དམངས་བློ་དོན་གྲུབ་ཀྱིས་ནས་ཆགས་ཆུའི་ཆུ་འགྲམ་ནས་རང་གི་བྱེ་རྡོ་བཟོ་གྲྭ་ཞིག་བཙུགས། དུས་ཡུན་ལོ་གཉིས་ཀྱི་རྗེས་སུ་བློ་དོན་གྲུབ་ཀྱི་བྱེ་རྡོའི་ཚོང་དེ་ཉིན་རེ་བཞིན་ཇེ་བཟང་དུ་འགྱུར་བའི་སྐབས་སུ། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་ཐོ་ནང་ཚུད་པའི་རེ་ཞུ་དེ་འབྲས་བུ་སྨིན་པའི་འཕྲིན་བཟང་ཡུས་ཧྲུའུ་ཡི་གང་ས་གང་དུ་ཁྱབ།

བློ་དོན་གྲུབ་ལ་མཚོན་ན། དེ་ནི་འཕྲིན་བཟང་ཞིག་རེད་ལ་གཏམ་མི་བཟང་བ་ཞིག་ཀྱང་རེད། ལོ་གཉིས་རིང་བྱེ་རྡོ་བཟོ་གྲྭ་ཆེ་ཆུང་ཉེར་བདུན་བཙུགས་ནས་ཡོང་སྒོ་ཇེ་མང་ཇེ་མང་དུ་འགྲོ་བའི་སྐབས་སུ།ཁེ་ལས་དེ་དག་ལ་སྔ་གཞུག་ཏུ་འབྲི་སྟོད་རྫོང་གི་རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་དང་ཁྲིམས་འཛིན་དང་འཛུགས་སྐྲུན་སྡེ་ཁག་བཅས་ཀྱིས་མཉམ་དུ་བསྒྲགས་པའི་ཆུ་འགྲམ་དུ་བཙུགས་པའི་བྱེ་རྡོ་བཟོ་གྲྭ་ཚང་མས་ཐོན་སྐྱེད་བྱེད་མཚམས་འཇོག་དགོས་པ་དང་སྒྲིག་བཀོད་ཚང་མ་བཤིགས་ནས་སྔོ་ཁེབས་བསྐྱར་གསོ་བྱེད་དགོས་པའི་བརྡ་སྦྱོར་ཞིག་འབྱོར།

བྱེ་རྡོ་བཟོ་གྲྭ་དེ་དག་གིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་འབྲལ་ཐབས་མེད་པས། ད་ལྟ་ཁོ་ཚོའི་བྱེ་རྡོ་བཟོ་གྲྭ་དེ་བཤིགས་ན་ངོ་མ་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཏུ་གྱུར།

འབྲི་སྟོད་རྫོང་གི་སྡེ་ཁག་མང་པོའི་མགོ་ཁྲིད་ཀྱིས་མཉམ་དུ་གྲོས་བྱས་མཐར། གནས་ཚུལ་ངོ་མར་གཞིགས་ཏེ་ཚང་མར་ཁ་ཏ་སློབ་གསོ་གཏོང་རྒྱུ་ཐག་གིས་བཅད། “ང་ཚོ་བཟོ་གྲྭ་རེ་རེར་སོང་ནས་མྱུར་དུ་བཟོ་གྲྭ་གནས་སྤར་རྒྱུ་ཁ་ཏ་སློབ་གསོ་བཏང་ལ། ད་དུང་བྱེ་རྡོ་བཟོ་གྲྭ་འགའ་ཡི་སྒོ་བཙན་ཤེད་ཀྱིས་རྒྱག་ཏུ་བཅུག་པ་ཡིན། ཁོ་ཚོར་རང་འདོད་ལྟར་བྱེ་མ་རྐོ་བ་དང་བཟོ་གྲྭ་བཙུགས་པའམ་གཏེར་ཁའི་ཐོན་རྫས་རྐོ་བ་ཚང་མ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན་ཚུལ་གསལ་བཤད་བྱས” ཞེས་འབྲི་སྟོད་རྫོང་ཁོར་ཡུག་གཙང་སྦྲ་སའོ་ཡི་སའོ་ཀྲང་དཔལ་ལྡན་བསོད་ནམས་ཀྱིས་གྲམ་པའི་སྐྱེས་ཚུལ་ཆེས་བཟང་བའི་ཚེར་ནགས་ལ་བསྟན་ནས་དེ་ལྟར་བཤད། “བློ་དོན་གྲུབ་ཀྱི་བཟོ་གྲྭ་སྔོན་ཆད་འདི་ནས་བཙུགས་ཡོད། ཁོ་ནི་བརྡ་སྦྱོར་འབྱོར་མཁན་ཐོག་མ་ཡིན་ལ།རང་འགུལ་སྒོས་བཟོ་གྲྭ་སྤོར་མཁན་ཐོག་མའང་རེད། ཁོའི་བཟོ་གྲྭ་གནས་སྤར་རྗེས་བཟོ་གྲྭ་མང་ཤས་རྗེས་དེད་དེ་སྤར་བ་རེད།”

ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་ཐོ་ནང་ཚུད་པའི་རེ་ཞུ་མགོ་བརྩམས་པའི་ཚུན་དུ། འབྲི་སྟོད་རྫོང་གིས་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་བཀོད་སྒྲིག་ཞིབ་མོ་བྱས་ཤིང་། རིམ་པ་ལྟར་འགན་འཁྲི་དངོས་འབེབས་བྱས་ཏེ་རྨང་གཞི་རང་བཞིན་གྱི་བྱ་བ་གྲ་སྒྲིག་གང་ལེགས་བྱས། ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་འབྲི་སྟོད་ཀྱི་སྐྱེ་ཁམས་རྣམ་པ་སླར་གསོ་ཅི་ཐུབ་བྱས་ལ།གྲུབ་འབྲས་མངོན་གསལ་ཐོབ་པ་རེད།

“ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་གི་མིང་ཐོ་ནང་ཚུད་པའི་རེ་ཞུ་འབུལ་དོན་ནི་མི་སྔར་ལས་མང་པོས་ཨ་ཆེན་གངས་རྒྱབ་ལ་དོ་ཁུར་དང་སྲུང་སྐྱོབ་བྱ་རྒྱུའི་ཆེད་ཡིན།” འབྲི་སྟོད་རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུའུ་ཡི་ཅུའུ་ཀྲང་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར།“འབྲི་སྟོད་རྫོང་ནི་འབྲི་ཆུ་འབྱུང་ཡུལ་ཡིན་པའི་ཆ་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་གལ་ཆེན་ཞིག་ཡིན།”
                                                                                                                                                                             རྩོམ་སྒྲིག་པ། སྐར་མ་མཚོ།