ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་ནས། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན། མཚོ་སྔོན་ནི་གཙང་གསུམ་འབྱུང་ཡུལ་དུ་གནས་ཤིང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པས། སྲུང་སྐྱོབ་ཀྱི་འགན་འཁྲི་ཧ་ཅང་ལྕི། དེས་ན་མཚོ་སྔོན་གྱི་སྐྱེ་ཁམས་དེ་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ཁྲོད་བཟུང་བའི་འཐབ་ཇུས་ཀྱི་གོ་གནས་ལ་ཇི་ལྟར་གོ་བ་ལེན་པ་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཇི་ལྟར་སྐུལ་འདེད་བྱེད་པ། བསྒྱུར་བ་བཞི་རང་སོ་སོའི་བྱ་བའི་ལག་ལེན་ཁྲོད་ཇི་ལྟར་དངོས་འབེབས་བྱེད་པ་བཅས་ཀྱི་ཕྱོགས་ནས། ཉེ་ལམ་གསར་འགོད་པས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་འགན་འཁུར་མི་སྣ་གསུམ་ལ་བཅར་འདྲི་བྱས།
བཅར་འདྲི་བྱེད་སྐབས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཞའོ་ནན་གྱིས་གསར་འགོད་པར་བཤད་རྒྱུར། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་ པས། གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི། ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོ་ཡིན། དུས་མཚུངས་སུ། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་པོ་ཞིག་ཏུ་གྱུར་ཡོད། འཛམ་གླིང་ཡོངས་ལ་མཚོན་ན། མཚོ་སྔོན་ནི་སའི་གོ་ལའི་ནམ་ཟླའི་འགྱུར་ལྡོག་གི་ཚོད་འཛིན་ཁུལ་དང་འཛམ་གླིང་གི་སྐྱེ་དངོས་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཀྱི་གཅིག་ཀྱང་ཡིན། ཨེ་ཤ་ཡར་མཚོན་ན། མཚོ་སྔོན་ནི་ཨེ་ཤ་ཡའི་འབབ་རྒྱུན་གལ་ཆེན་གྱི་འབྱུང་ཡུལ་དང་ཆུ་ཁུངས་གལ་ཆེན་གྱི་གྲུབ་ཆ་ཡིན་པ་དང་། འབབ་རྒྱུན་གཙོ་བོའི་རྨང་གཞི་དང་གཞི་རྩའི་འགན་སྲུང་ཡིན་པས། ཐད་ཀར་སའི་གོ་ལའི་བྱང་ཕྱེད་མའི་ནམ་ཟླའི་འགྱུར་ལྡོག་ལ་ཤུགས་རྐྱེན་བཟོ་བཞིན་ཡོད། རྒྱལ་ཡོངས་ལ་མཚོན་ན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འགན་སྲུང་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པས། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི་མཚོ་སྔོན་གྱི་འགན་འཁྲི་ཆེན་པོ་དང་བྱས་རྗེས་ཆེན་པོ་ཡིན་པར་ངོས་ཟིན་ལེགས་པོ་བྱས་ཏེ། རང་རྟོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལོ་རྒྱུས་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་མཚོ་སྔོན་གྱིས་མ་འོངས་པར་ཕྱོགས་པའི་འཐབ་ཇུས་བཀོད་སྒྲིག་ཏུ་འཇོག་དགོས།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་བསྟན་དོན། མཚོ་སྔོན་གྱིས་ཧུར་ཐག་གིས་དཔལ་འབྱོར་ཆུང་བའི་ཞིང་ཆེན་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་། སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་དུ་བསྒྱུར་བར་བྱེད་པ་དེ་ནི། མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་བཏོན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ལྔ་གཞི་གཅིག་གི་འཐབ་ཇུས་དངོས་འབེབས་བྱེད་པའི་བླང་བྱ་གསར་བ་དང་ལག་ལེན་གསར་བ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་འཐབ་ཇུས་ཀྱི་ཐབས་ལམ་དང་ལོ་རྒྱུས་ཀྱི་གདམ་གསེས། དངོས་ཡོད་ཀྱི་དགོས་མཁོ་བཅས་ཡིན་པ་མ་ཟད། མཚོ་སྔོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ལ་ཞབས་ཞུ་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དང་། མཚོ་སྔོན་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་བར་བསྐྱོད་པའི་སྤྱིའི་བླང་བྱའང་ཡིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བང་ཀའོ་ཧྲིན་གྱིས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་ཕྱོགས་བཏོན་པ་མ་ཟད། མཚོ་སྔོན་གྱི་སྐྱེ་ཁམས་འཛུགས་སྐྲུན་ལེགས་པོར་སྒྲུབ་པའི་གཞི་རྩའི་ཐབས་ལམ་དང་དམིགས་འབེན་གསལ་བོར་བསྟན།
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་གྱི་གོམ་སྟབས་དང་འབྲེལ་བ་ཡོད་པས། ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཅང་ལྕི། ང་ཚོས་བལྟས་ན། དཔལ་འབྱོར་གྱི་ཞིང་ཆེན་ཆུང་བ་ནས་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བ་ནི་དོན་དངོས་ཀྱི་བསམ་ཕྱོགས་ཆེན་པོ་ཡིན་པས། དེང་སྐབས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་འབུར་དུ་ཐོན་པའི་བྱེད་ཐབས་སུ་བརྩི་བ་དང་། ཞིང་ཆེན་ནང་ཁུལ་གྱི་དུས་མཚམས་ཆེན་པོ་ལྔའི་སྐྱེ་ཁམས་འཛུགས་སྐྲུན་གཅིག་གྱུར་གྱིས་སྤེལ་ཞིང་། འབབ་རྒྱུད་ཡོངས་དང་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་སྒོས་སྤེལ་ནས། མཉམ་ཤུགས་གསར་བ་གཅིག་ཏུ་བསྡུས་ཏེ་མཚོ་སྔོན་གྱི་སྐྱེ་ཁམས་ཆེན་པོ་ཇེ་ལེགས་སུ་གཏོང་དགོས། ཆེན་པོ་ཞེས་པ་ནི་གྲངས་ཀར་གོ་དགོས་པ་དང་། སྟོབས་ཅན་ཞེས་པ་ནི་སྤུས་ཀར་གོ་དགོས་ལ། གྲངས་འགྱུར་ནས་སྤུས་འགྱུར་གྱི་མཆོང་སྐྱོད་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཀྱི་ཞིང་ཆེན་སྟོབས་ཅན་མངོན་འགྱུར་བྱེད་པ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་རྒྱབ་རྟེན་ཆེས་ཆེན་པོ་ཡིན་པ་དང་། རྒྱལ་ཁབ་དང་མི་རིགས་ལ་མཚོན་ན་བྱས་རྗེས་ཆེས་ཆེན་པོ་ཡིན་ལ། འཛམ་གླིང་ལ་མཚོན་ན་ཡང་དགེ་མཚན་ལྡན་པའི་བྱས་རྗེས་ཡིན། དེ་བས་མཚོ་སྔོན་གྱི་སྐྱེ་ཁམས་སྟོབས་ཅན་དུ་བསྒྱུར་བ་ནི། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་བརྟན་འཇགས་ཀྱི་དོན་ཆེན་ལ་གལ་འགངས་ཤིན་ཏུ་ཆེ་བ་དང་། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དོན་སྙིང་ལྡན་ཟེར།
ཟི་ལིང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུའི་ཅུས་ཀྲང་མིས་ཀྲན་ལེང་གིས་གསར་འགོད་པར་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་བཏོན་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས། ངེས་པར་དུ་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུས་བཏོན་པའི་བསྒྱུར་བ་བཞི་དང་། གྲོང་ཁྱེར་ཏང་ཨུས་བཏོན་པའི་ལྷད་མེད་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་འཛུགས་སྐྲུན་དང་། མཛེས་སྡུག་བདེ་སྐྱིད་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་དགོས་ཞེས་པ་ནི། ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པའི་བྱེ་བྲག་གི་ལག་ལེན་ཡིན། དེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་རྒྱུན་འཁྱོངས་བྱེད་དགོས་པའི་ཁ་ཕྱོགས་དང་། བརྩི་སྲུང་བྱེད་དགོས་པའི་རྩ་དོན། ངེས་པར་ཁོང་དུ་ཆུད་དགོས་པའི་བླང་བྱ་གལ་ཆེན་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེན་གྱིས་བཏོན་པའི་ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མངག་བཅོལ་ཡིད་ལ་དམ་པོར་བཅངས་ཏེ། རང་ཉིད་ཀྱི་མིག་ཟུང་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྐྱོང་ལེགས་པོ་བྱེད་དགོས།
ཟི་ལིང་གྲོང་ཁྱེར་དུ་ཞིང་ཆེན་ཡོངས་ཀྱི་མི་གྲངས་ཕྱེད་ཀ་ཙམ་འདུས་སྡོད་བྱས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ཅན་འཕེལ་རྒྱས་ཀྱི་དཀྱིལ་སྙིང་ས་ཁུལ་ཡིན་པས། ཟི་ལིང་གི་མ་འོངས་པའི་སྦས་ཤུགས་དང་རིན་ཐང་། འགན་འཁྲི་བཅས་སྐྱེ་ཁམས་ཀྱི་སྟེང་ཡོད་པས། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ་དེ་ནི། ང་ཚོའི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་གལ་ཆེན་ཡིན། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་བའི་གོ་སྐབས་དང་བསྟུན་ནས། ང་ཚོ་ཟི་ལིང་གི་ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་དང་། འབུར་ཐོན་གྱི་ཁོར་ཡུག་གནད་དོན་ཐག་གཅོད། ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ཇེ་དྲག་ཏུ་གཏོང་བ་བཅས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་ལ། ཀྲུང་དབྱང་གི་བླང་བྱ་གལ་ཆེན་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་བྱེ་བྲག་གི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་དངོས་འབེབས་བྱེད་དགོས།
ང་ཚོ་ཁོར་ཡུག་སྲུང་སྐྱོབ་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་སྔོན་མ་བྱེད་པའི་འདུ་ཤེས་སེམས་སུ་དམ་པོར་བཟུང་སྟེ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱེད་པ་དེ་ཁོར་ཡུག་སྲུང་སྐྱོབ་བྱ་བའི་བླ་མེད་འགན་འཁྲིར་བརྩི་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་དངོས་འབེབས་ནན་མོ་བྱེད་པ། ཁོར་ཡུག་བཅོས་སྐྱོང་གི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་སྡེ་ཁག་གིས་མུ་མཐུད་དུ་ལྷད་མེད་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཁྲོད། ཟི་ལིང་གི་ནམ་ཟླ་བཟང་ཞིང་ཆུ་བོ་དྭངས་པ། ཁོར་ཡུག་ལེགས་པོ་ཞིག་ཡོང་བར་འབད་འཐབ་ལྷོད་མེད་དང་ནུས་ཤུགས་ཡོད་དགུ་འདོན་དགོས་ཟེར།
ཧོང་ཡོན་རྫོང་གི་ཏང་ཨུའི་ཧྲུའུ་ཅི་མྭ་ཅན་ལིས་ཀྱིས་གསར་འགོད་པར་བཤད་རྒྱུར། ཧོང་ཡོན་རྫོང་ནི་མཚོ་བོད་མཐོ་སྒང་དང་ས་སེར་མཐོ་སྒང་གི་བར་བརྒལ་ས་ཁུལ་ཡིན་ཞིང་། ཙོང་ཆུའི་སྟོད་རྒྱུད་མགོ་ཁུངས་སུ་གནས་པས། ཆི་ལེན་རི་བོའི་ལྟག་ཆུ་བསྐྱིལ་གསོག་སྐྱེ་ཁམས་ཁུལ་དང་གཙང་གསུམ་འབྱུང་ཡུལ་གྱི་བརླན་སའི་སྐྱེ་ཁམས་ཁུལ་གྱི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན། མཚོ་སྔོན་ཤར་ཕྱོགས་ཀྱི་རྨ་ཆུ་དང་ཙོང་ཆུ་འབབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན་པས། སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་རྒྱུ་ནི། ཧོང་ཡོན་རྫོང་ལ་མཚོན་ན་གྲོང་ཁྱེར་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆེ་ཕྱོགས་ལ་ཞབས་ཞུ་བྱེད་པའི་དགོས་མཁོ་ཡིན་ལ། རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་མཁོའང་ཡིན། ལྷད་མེད་སྐྱེ་ཁམས་ནི་ཐོག་མཐའ་བར་གསུམ་དུ་ཧོང་ཡོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན་པ་དང་། ང་ཚོས་འཕེལ་རྒྱས་ཆེན་པོ་འཚོལ་ཞིབ་བྱེད་པའི་གནད་འགག་ཀྱང་ཡིན་པ་རེད།
ཧོང་ཡོན་རྫོང་གིས་རྫོང་ཁོངས་འཕེལ་རྒྱས་ཁྲོད་ཐོག་མཐའ་བར་གསུམ་དུ་ལྗང་མདོག་གི་རི་ཀླུང་ནི་གསེར་རི་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་གཞིར་བཟུང་སྟེ། ལྗང་མདོག་གི་རི་ཀླུང་དེ་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་ཤུགས་གཙོ་བོར་བརྩི་བ་དང་། ལྷད་མེད་འཕེལ་རྒྱས་དེ་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དང་། བསྒྱུར་བ་བཞིའི་འཕེལ་རྒྱས་བསམ་ཕྱོགས་སོགས་ཀྱི་ལག་ལེན་ནང་དོན་གལ་ཆེན་དུ་བརྩིས་ནས་རྒྱུན་འཁྱོངས་བྱས་ཤིང་། ཧུར་ཐག་གིས་ལྷད་མེད་འཕེལ་རྒྱས་ཀྱི་དཔེ་མཚོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ཏེ། སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ནགས་སྐྲུན་ལྗང་བསྒྱུར་ཕུལ་བྱུང་རྫོང་བརྒྱ་དང་། རྒྱལ་ཡོངས་ཀྱི་ལྗང་བསྒྱུར་མིག་དཔེ་རྫོང་སོགས་ཀྱི་མཚན་སྙན་ཐོབ་པ་དང་། ཐོག་མར་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་འཛུགས་སྐྲུན་གྱི་དཔྱད་ཞིབ་གདེང་འཇོག་བྱས་ཏེ། རྫོང་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད་བརྒྱ་ཆའི་སོ་གསུམ་ལྷག་ཏུ་བསླེབས་ཡོད། ང་ཚོས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་སྟེང་གཏན་འཁེལ་བྱས་པའི་བྱེད་ཕྱོགས་ལྟར། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་རྫོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། དེང་རབས་ཞིང་ལས་དང་རྣམ་པ་གསར་བའི་བཟོ་ལས། རིག་གནས་གནས་སྐོར་ལས་རིགས། ཞབས་ཞུ་ལས་རིགས་བཅས་མཐུན་སྦྱོང་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱེད་པ། ཧུར་ཐག་གིས་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཐོན་ལས་ཀྱི་རྣམ་པ་བསྒྱུར་བ། སྐྱེ་ཁམས་ཐོན་རྫས་ལེགས་བཅོས་སོགས་ཐོན་ལས་མ་ལག་འཚོལ་ཞིབ་བྱེད་དགོས། རྩྭ་ཕྱུགས་མཉམ་འབྲེལ་དང་འཁོར་སྐྱོད་འཕེལ་རྒྱས། སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཅས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་དང་། ཞིང་ཕྱུགས་ཟུང་འབྲེལ་དང་ཚོང་ར་ཆེན་པོར་ཕྱོགས་པ། ཕྱུགས་ལས་ས་ཁུལ་ཆེན་པོའི་ཁྱད་སྟོབས་དང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྲོལ་རྒྱུན་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤུགས་ཆེན་པོས་ཞིང་ཕྱུགས་ལས་ཀྱི་འཁོར་སྐྱོད་དཔལ་འབྱོར་གོང་དུ་སྤེལ་ཏེ། ཧུར་ཐག་གིས་ལྷད་མེད་འཁོར་སྐྱོད་འཕེལ་རྒྱས་ཀྱི་རིམ་པ་སྤར་བའི་རྫོང་དང་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་རྫོང་ཆེན་པོ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་མཉམ་འབྲེལ་གྱི་བླང་བྱ་ལྟར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཏེ། བྱེད་ཐབས་འདི་མང་ཚོགས་ཀྱི་ཉིན་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་གོ་རིམ་ཡོངས་སུ་ཁྱབ་པར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་པ། བློ་རྩ་བརྟན་པོས་སྐྱེ་ཁམས་སྔོན་མ་བྱས་ཏེ་ལྷད་མེད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་དགོས། ཤུགས་ཆེན་པོས་བློ་མཐུན་སྐལ་བཟང་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། རྫོང་ཁོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྷད་མེད་འཕེལ་རྒྱས་ལ་ཤུགས་འདེད་བྱེད་པ་དང་། རྒྱུན་ཆད་མེད་པར་མཛེས་སྡུག་འཆམ་མཐུན་གྱི་ཧོང་ཡོན་འཛུགས་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།
ལོ་ཙཱ་བ།སྒྲོལ་མ་སྐྱིད།