ཁྱི་འབྲི་ཞང་གིས་ལག་རྡང་གཅིག་ཏུ་སྦྲེལ་ནས“མི་རིགས་མཐུན་སྒྲིལ་ནགས་ཚལ”གསོ་སྐྱོང་བྱས།
2017.07.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 18

མགོ་ལོག་རྩྭ་ཐང་དུ“མི་རིགས་མཐུན་སྒྲིལ་ནགས་ཚལ”ཞེས་པ་ཞིག་རྩྭ་ཐང་དང་གངས་རིའི་འདབས་སུ་གནས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཞང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངལ་རྩོལ་ཁྲོད་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། སྡོང་འཛུགས་ནགས་སྐྲུན་བྱེད་པའི་ཁྲོད་ལས་བྱེད་པ་དང་མང་ཚོགས་གཅིག་ཏུ་སྦྲེལ་བའི་ཟམ་པ་འཕངས་པ། དུས་རྒྱུན་འཚོ་བའི་ཁྲོད་དུ་ཕན་ཚུན་རོགས་རམ་དང་མཛའ་བརྩེ་བྱས་དང་བྱེད་མུས་སུ་ཡོད་པའི་གཏམ་རྒྱུད་ཅིག་འཆད་བཞིན་ཡོད།

ནགས་ཚལ་དེས་དགའ་བདེ་རྫོང་ཁྱི་འབྲི་ཞང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་བྱ་འགུལ་སྤེལ་བའི་ཁྲོད་ཀྱི་བསྡུས་གཟུགས་མཚོན་གང་ཐུབ་བྱས་ཡོད།

ལོ་རེའི་ཟླ་ལྔ་པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཞང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས“མི་རིགས་མཐུན་སྒྲིལ་ནགས་ཚལ”བསྐྲུན་པ་ལས་གཞན། ད་དུང་འོས་འགན་སྡོང་འཛུགས་དང་སྡོང་པོ་བདག་སྲུང་བྱེད་པའི་བྱ་འགུལ་སྤེལ་ཏེ། རྩྭ་ཐང་གི་མཛེས་པའི་ཞང་གྲོང་གི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པར་སྔོ་ལྗང་ལྗང་གི་སྐྱེ་སྟོབས་གསར་པ་ཞིག་བསྣན་འདུག

དབྱར་ཁའི་ཉིན་ཞིག་ལ་ཆར་བ་ཆེན་པོ་བབས་པའི་རྗེས་སུ། ཁྱི་འབྲི་ཞང་སྲིད་གཞུང་གི་ར་སྐོར་ནང་བྲེལ་བྲེལ་འཚུབ་འཚུབ་ཀྱི་རྣམ་པ་ཞིག་ཤར་འདུག་ཅིང་། དེ་ནི་ལས་བྱེད་པ་རྣམས་ཀྱིས་མཉམ་དུ་ས་དོང་རྐོ་བ་དང་སྡོང་ཕྲུག་འཛུགས་པ། འབྲོག་པ་མང་ཚོགས་སྡོང་འཛུགས་ནགས་སྐྲུན་དང་ཕ་ཡུལ་ལྗང་སྒྱུར་གྱི་བྱ་འགུལ་ནང་ཞུགས་པའི་རྣམ་པ་ཡིན་ལ། འབྲོག་པ་རྡོ་རྗེ་ནི་དེའི་གྲས་ཀྱི་གཅིག་རེད།

“ང་ཚོས་སྡོང་པོ་འཛུགས་པའི་དམིགས་ཡུལ་ནི་སྐྱེ་ཁམས་དང་མི་རབས་རྗེས་མར་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན”ཞེས་འབྲོག་པ་རྡོ་རྗེ་དང་འདྲ་བར། ར་བའི་ནང་སྡོང་པོ་འཛུགས་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་ཆེན་པོས་ཁོར་ཡུག་ལྗང་སྒྱུར་ཐད་སྟོབས་ཤུགས་གང་ཡོད་འདོན་གྱིན་ཡོད།

སྡོང་འཛུགས་བྱ་ཡུལ་དུ་གསར་འགོད་པས་ཁོ་ཚོར་ཁ་བརྡ་བྱེད་པའི་ཁྲོད་ནས་ཤེས་པ་སྟེ། སྡོང་ཕྲུག་གསོན་དུ་འཇུག་ཆེད་ཞང་དེས་ལག་རྩལ་པ་མི་ཉུང་བ་ཞིག་གདན་དྲངས་ནས་ས་རྒྱུ་འདེམ་པ་དང་སྡོང་ཕྲུག་ཚོད་ལྟ་བྱེད་པ། རྫས་ལུད་བཟོ་བ། གྲང་འགོག་བྱེད་པ་བཅས་བྱས་ཏེ། སྡོང་ཕྲུག་གི་གསོན་ཚད་ཅུང་ཆེ་བའི་གསོམ་ཤིང་དང་སྦྱར་སྡོང་། མཐོ་སྒང་གི་ལྕང་དམར་སོགས་སྡོང་ཕྲུག་འཛུགས་བཞིན་ཡོད་པ་རེད།

སྡོང་ཕྲུག་འཛུགས་པའི་བྱ་བ་རེ་རེ་ཞིབ་མོར་བསྒྲུབ་དགོས་པས། ཚང་མས་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་དར་སྤེལ་དང་མི་རིགས་མཐུན་སྒྲིལ་མཉམ་འཛུགས་བྱེད་ཀྱིན་འདུག

སྡོང་འཛུགས་ནང་ཞུགས་པའི་འབྲོག་པ་རྡོ་རྗེ་ཡིས་ལུས་སྒུར་སྒུར་གྱིས་ལྕགས་ཁེམ་ལག་ཏུ་ཐོགས་ཏེ་སྡོང་ཕྲུག་རེ་རེའི་ས་དོང་དུ་ས་སྣོན་བཞིན་ཡོད་ལ། གདོང་ཡོངས་སུ་རྔུལ་ཆུ་ཕྲོམ་ཕྲོམ་དུ་བཞུར་གྱིན་འདུག

སྡོང་འཛུགས་ནགས་སྐྲུན་བྱ་འགུལ་ནང་ཞུགས་པའི་ཧུའེ་རིགས་མ་ཧྲིན་ལིན་གྱིས་ཞང་དེར་ཟ་ཁང་གཉེར་ནས་ལོ་འགའ་འགོར་འདུག ཁོས་བཤད་རྒྱུར“མི་རིགས་མཐུན་སྒྲིལ་ནགས་ཚལ”གྱི་བྱ་འགུལ་འདི་སྤེལ་བ་བརྒྱུད། ང་ཚོ་རིགས་སོ་སོའི་མང་ཚོགས་བར་གྱི་མཐུན་སྒྲིལ་མཛའ་བརྩེ་ཇེ་བཟང་དུ་སོང་ལ་ཚང་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་ཇེ་དྲག་ཏུ་སོང་ཡོད།

ཁྱི་འབྲི་ཞང་གི་ཞང་ཀྲང་ངག་དབང་གིས་བཤད་རྒྱུར། “ང་ཚོས་ད་དུང་གསོམ་ཤིང་སྡོང་བོ་བགོས་ཏེ་མི་རིགས་མཐུན་སྒྲིལ་སློབ་གསོ་གཏོང་བའི་ཡུན་རིང་གི་མཚོན་རྟགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏོང་གནས་སུ་བསྒྱུར་ཏེ། དངོས་གནས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ངེས་ཡིན”ཞེས་བཤད།

རྒྱུས་ལོན་བྱས་པ་ལྟར་ན། ད་ལོར་ཁྱི་འབྲི་ཞང་གིས་བསྡོམས་པས་གསོམ་སྡོང་བདུན་བརྒྱ་ཞེ་ལྔ་བཙུགས་པ་དང་མཚོ་སྔོན་ཡུན་ཧྲན་གསོམ་ཤིང་སོགས་ཉིས་བརྒྱ་ཞེ་ལྔ་བཙུགས། སྡོང་ཕྲུག་དེ་དག་ལས་བྱེད་པ་དང་མང་ཚོགས། ལས་བཟོ་པ་བཅས་དང “ཆ་སྒྲིག”བྱས་ཏེ། འགན་འཁྲི་མི་ཡི་ཐོག་ཏུ་འབྱོར་བ་དང་སྡོང་ཕྲུག་རེ་རེར་བདག་སྲུང་མཁན་ཡོད་པར་ཁག་ཐེག་ནན་ཏན་བྱས།
 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།