ཁེ་ལས་གཙོ་བོས་རྟ་བོ་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་རྣམས་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་ཁྲིད་བྱས་པ།
2017.07.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

 ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། དྲོད་འཇམ་གྱི་ཉི་འོད་ས་གཞི་ཆེན་མོའི་སྟེང་དུ་འཕྲོས་པ་ན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་བྱས་ཏེ་རང་ཁྱིམ་ལས་སྒོར་བུད།

ཉིན་དེར་རྟ་བོ་གྲོང་རྡལ་ཁྲ་ཚང་སྡེ་བའི་འབྲོག་དམངས་ཨུ་ཡོན་ལྷན་ཁང་གི་ར་སྐོར་ནང་དུ་དུས་རྒྱུན་དང་མི་འདྲ་བར་འདུ་ལོང་ཧ་ཅང་ཆེ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འབྲོག་པ་མང་ཚོགས་རྣམས་རྩྭ་ཐང་དུ་དཀྱིལ་ཀྲུང་གིས་བསྡད་དེ། མདུན་གྱི་སྒྲོག་ཙེའི་སྟེང་དུ་སྒོར་མོ་བརྩེགས་མ་དང་བརྩེགས་མ་བཞག་པ་དེར་བལྟས་ནས། མགོ་བོ་བསྒུར་ཏེ་ཕན་ཚུན་ལ་གཏམ་ཤབ་ཤུབ་སྨྲ་བཞིན་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད།
ཁྲ་ཚང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔའ་རྒྱལ་གྱིས་ངོ་སྤྲོད་བྱེད་རྒྱུར།“དེ་རིང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་གཅེས་ནོར་འགན་ལེན་ཚད་ཡོད་ཀུང་སིས་ཁྲ་ཚང་སྡེ་བ་དང་ཞོལ་མ་སྡེ་བར་རོགས་སྐྱོར་བྱས་པའི་ཐོན་ལས་མ་དངུལ་གྱི་ཐོབ་ཆ་བགོ་བའི་ཉིན་མོ་ཡིན། ད་ནི་དངོས་གནས་འབྲོག་པ་མང་ཚོགས་ཀྱི་སེམས་བདེ་སོང་། དེ་དུས་དབུལ་སྐྱོར་འགག་སྒྲོལ་བྱེད་སྐབས། སྡེ་བ་གཉིས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་དབུལ་སྐྱོར་ཐོན་ལས་མ་དངུལ་སྒོར་ས་ཡ་གཉིས་པོ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་གཅེས་ནོར་འགན་ལེན་ཚད་ཡོད་ཀུང་སིས་དངུལ་བུན་བསྐྱི་བའི་གཏའ་མར་བཞག་སྟེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་། བལྟས་ཡོང་ན་ལམ་དེར་སོང་བ་འགྲིག་འདུག”ཞེས་བཤད། 
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་གཅེས་ནོར་འགན་ལེན་ཚད་ཡོད་ཀུང་སི་ནི་ཉིས་སྟོང་ལོར་བཙུགས་པ་དང་། མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འབྲི་མོའི་འོ་མ་རྒྱུ་ཆ་བྱས་ཏེ་འབྲི་མོའི་འོ་མ་ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་བྱེད་པའི་ཁེ་ལས་ཤིག་ཡིན། དེ་ནི་ཞིང་ཆེན་ཚན་རྩལ་ཐིན་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཚན་རྩལ་རང་བཞིན་གྱི་ཁེ་ལས་དང་པོར་ངོས་འཛིན་ཀྱང་བྱས་ཡོད། ཀུང་སི་དེས་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་བོད་རིགས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་སྟངས་གཉིས་ཟུང་འབྲེལ་བྱས་ཏེ་བཟོས་པའི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཕྱིར་འཚོང་བྱེད་བཞིན་ཡོད་ཅིང་། ས་གནས་མང་ཚོགས་ལའང་ཐད་ཀར་ཁེ་བཟང་རེག་ཐུབ་པ་བྱུང་བས།  དེ་ལས་མང་བའི་འབྲོག་པ་མང་ཚོགས་རྣམས་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་རེ་བ་མངོན་འགྱུར་བྱུང།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གངས་ལྗོངས་གཅེས་ནོར་འགན་ལེན་ཚད་ཡོད་ཀུང་སིའི་འགན་ཁུར་པ་འཇིགས་མེད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་ཀུང་སིས་ས་ཁུལ་འདིའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་ཉི་ཤུ་ལ་སྒོར་མོ་འབུམ་གཉིས་བགོས་པ་དང་། དབུལ་ཕོངས་མི་གྲངས་ཉིས་བརྒྱ་དང་སོ་དགུ་ལ་ཁེ་བཟང་ཐོབ།  དབུལ་ཕོངས་ཁྱིམ་ཚང་ལ་བགོས་པའི་ཆེས་མཐོ་བའི་སྒོར་མོའི་གྲངས་ཀ་སྟོང་གསུམ་དང་བརྒྱད་བརྒྱ་དྲུག་ཅུ་ཡིན།
ཐེངས་འདིར་སྡེ་བའི་ལས་བྱེད་པས་འབྲོག་པ་མང་ཚོགས་ལ་ཐོབ་ཆ་བགོས་པའི་བྱ་བ་དེར་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་བསྟོད་བསྔགས་བྱས། ཁྲ་ཚང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔའ་རྒྱལ་ནི། དབུལ་ཐར་འགག་སྒྲོལ་གྱི་འབྲེལ་གཏུག་པ་གཙོ་བོ་ཡིན་པའི་ཆ་ནས། ཀུང་སི་བཙུགས་པའི་འཕྲོར་ཡང་མཉམ་ལས་ཁང་འཛུགས་སྐྲུན་བྱས་པ་དང་། ཡང་དེ་ནས་ཐོབ་ཆ་བགོ་བར་རྩ་འཛུགས་བྱས། ཁོས་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབས་ཏེ། སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་འཚོ་བར་མངོན་གསལ་གྱིས་འགྱུར་ལྡོག་འབྱུང་དུ་བཅུག་ཅིང་། འཚོ་བའི་ཡོང་སྒོ་བཙལ་དཀའ་བའི་ཡུན་རིང་གི་གནད་དོན་དེ་ཡང་དངོས་གནས་ཐག་གཅོད་ཡག་པོ་བྱས། 
ངོ་སྤྲོད་བྱས་པ་ལྟར་ན། རྨ་ཆེན་རྫོང་གིས་ཁྱབ་གདལ་དུ་གཏོང་བཞིན་པའི“ཁེ་ལས་གཙོ་བོ་དང་། དབུལ་ཕོངས་སྡེ་བ། ཐོན་ལས་ཅན་གསུམ་མཉམ་འབྲེལ”གྱི་དབུལ་སྐྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་དེས། དབུལ་ཕོངས་ཁྱིམ་ཚང་རྣམས་ཐོན་ལས་རོགས་སྐྱོར་གྱི་ཁྱབ་ཁོངས་སོ་སོའི་ནང་ཞུགས་སུ་བཅུག ཐོན་ལས་རོགས་སྐྱོར་བརྒྱུད། མི་བསྡུ་ལས་ཞུགས་ཀྱིས་དབུལ་སྐྱོར་བྱེད་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་ཐོན་ལས་འཕེལ་རྒྱས་ཀྱིས་རོགས་སྐྱོར་བྱེད་པ། སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ་རོགས་སྐྱོར་བྱེད་པ་བཅས་ཀྱི་གནད་ཁེལ་དབུལ་སྐྱོར་གྱི་བྱེད་ཐབས་སྤྱད་དེ་འབྲོག་པ་མང་ཚོགས་རྣམས་ལ་དངོས་སུ་ཕན་ཁེ་ཐོབ་ཏུ་བཅུག 
འཇིགས་མེད་ཀྱིས་བཤད་རྒྱུར། ད་ལོར་གངས་ལྗོངས་གཅེས་ནོར་འགན་ལེན་ཚད་ཡོད་ཀུང་སིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་སྐྱོར་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་མཉམ་ལས་ཁང་བཅུ་དགུ་ནས་འབྲི་མོའི་འོ་མ་ཉོ་སྒྲུབ་བྱ་རྒྱུ་ཡིན་ལ། འདི་ལྟར་བྱས་ན་འབྲོག་ཁྱིམ་སྟོང་གཅིག་དང་ལྔ་བརྒྱར་སྐུལ་ཁྲིད་བྱེད་ཐུབ་ཅིང་། མི་སྟོང་དྲུག་ལ་དེའི་ཁྲོད་ཁེ་བཟང་རེག་ཐུབ་ཟེར། 
 
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།