དབྱར་ཟླ་བདུན་པར། མདོ་ལ་རིང་མོའི་འདབས་ཀྱི་སྔོ་ལྗང་གི་སྤང་ཐང་སྟེང་དུ་མེ་ཏོག་སྣ་ཚོགས་རྣམ་པར་བཞད་ཅིང་། རི་མཐོན་པོའི་མགོ་ནས་དྲག་ཏུ་འབབ་པའི་ཆུ་བོ་དང་། ཚང་ཚིང་སྟུག་པོའི་ནགས་ཚལ་དང་སྔོ་ལྗང་ལྗང་གི་རྩྭ་ཐང་། བརྗིད་ཆགས་ཀྱི་ས་དམར་ས་གཤིས་བཅས་ཀྱི་མཛེས་ལྗོངས་ཡུལ་དེ་ན་མངོན་པར་གྲུབ།
དབྱར་ཟླ་བདུན་པར། མདོ་ལ་རིང་མོའི་འདབས་སུ་ཡུལ་ལྗོངས་ལྟ་ན་སྡུག་ལ། སྲང་ལམ་དུ་འདུ་ལོང་ཆེ། སྡོད་ཁང་དགུང་དུ་ཟུག ཞིང་འབྲོག་གཉིས་ཀའི་སྤྲོ་སྐྱིད་ཁང་གང་སར་ཁྱབ།
ལྷུང་ལྷུང་དུ་འབབ་པའི་ཡན་ལག་བརྒྱད་ལྡན་གྱི་པཱ་པོ་ཆུ་བོས་ས་གཞི་ཆེན་པོ་བརླན་གྱིས་བསྐྱངས་ཤིང་། བཙུན་མོ་སྒང་དང་ཨ་མྱེས་སྟོང་སོ་གཉིས་ལུས་སྟོབས་ཤིན་ཏུ་རྒྱས་པའི་དམག་མི་གཉིས་དང་འདྲ་བར་དལ་གྱིས་འབབ་པའི་པཱ་པོ་ཆུ་བོ་སྲུང་ཡོད་པ་དང་མཚུངས། ཡུལ་སྐོར་པ་རྣམས་ཡུལ་དེའི་མཛེས་ལྗོངས་ལ་ལྟད་མོས་བཟི་བའི་སྐབས་སུ། ལྕགས་རྟ་ཞོན་པའི་མི་ཚོགས་ཤིག་གིས་ཡུལ་དེའི་ལྷིང་འཇགས་འུར་ཟིང་ངེར་བཏང་། རི་བོ་མཐོན་པོས་ཀྱང་རྫོང་མཁར་གྱི་ཟང་ཟིང་ལང་ལོང་གི་འདུ་ལོང་གནོན་ཐབས་བྲལ།
སྐབས་དེར། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་ཆི་ལེན་ལམ་མཚམས་ནས་ཚ་ཚ་འུར་འུར་གྱིས་འགྲན་མགོ་བརྩམས། “ཤར་ཕྱོགས་སུའེ་ཙེར་སྟེ་ལྷ་ཡུལ་ལྟ་བུའི་མདོ་ལ”རུ་འབོད་པའི་མཐོ་སྒང་གི་ཡུལ་སྐོར་རྫོང་མཁར་དུ་ཚད་མེད་ཀྱི་སྤྲོ་བ་དང་ཉམས་མེད་ཀྱི་སྟོབས་ཤུགས་བསྩལ་པ་གདོན་མི་ཟ་བ་ཞིག་རེད།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལིན་རྫོང་དུ་བསྐྱོད་པ་ན། སྔོ་ལྗང་གི་ཤིང་སྡོང་གཞུང་ལམ་གྱི་འགྲམ་ངོགས་གཉིས་སུ་རིང་དུ་གྲལ་ཕྲེང་བསྒྲིགས་པ་དང་། མཁར་གྲོང་གསར་པའི་ནང་དུ་ཐོག་ཁང་མཐོན་པོ་དགུང་དུ་ཟུག་ཅིང་། རྫོང་མཁར་ཧྲིལ་པོ་གཙང་ཞིང་མཛེས་སྡུག་ལྡན། བརྗོད་མི་ཤེས་པ་ཤིག་ལ་སྲང་ལམ་གྱི་གང་སར་གཞན་ཡུལ་གྱི་ཡུལ་སྐད་བརྗོད་པའི་ཡུལ་སྐོར་པ་དང་གཞུང་ལམ་སྟེང་རྒྱུན་ཆད་མེད་པར་རྒྱུག་བཞིན་པའི་རླངས་འཁོར་རུ་ཁག་དེ་དག་རེད། ཡུལ་དེ་ཡུལ་སྐོར་གནས་མཆོག་ཡིན་པ་གང་སར་བསྐྱོད་ན་ཤེས།
“ཐེངས་འདི་ཐེ་ན་ཐེངས་གསུམ་ལ་ཆི་ལེན་དུ་ཡོང་བ་ཡིན། ཆི་ལེན་དུ་ཡོང་ཐེངས་རེར་མི་རྣམས་ལ་ཚོར་བ་མི་འདྲ་བ་རེ་སྦྱིན་ངེས། མཛེས་ལྗོངས་ཇེ་མཛེས་ནས་ཇེ་མཛེས་དང་། མིའང་མགྲོན་བསུ་ཇེ་ཆེ་ནས་ཇེ་ཆེ་རེད”ཅེས་ཧི་ནན་ཞིང་ཆེན་ནས་ཡོང་བའི་ཡུལ་སྐོར་པ་ཀྲང་སུའུ་ཡིས་གསར་འགོད་པར་དེ་ལྟར་བཤད། ཐག་རིང་ཡུལ་ནས་རླངས་འཁོར་བསྐོར་ནས་ཡོང་བའིི་ཀྲང་སུའུ་ལ་བལྟས་ན་ཐང་ཆད་པའི་ཆ་ཅི་ཡང་མི་མཐོང་ཞིང་། མཐོང་བ་ནི་གདོང་ལ་འཛུམ་གྱིས་ཁེངས་པའི་ཁོ་རང་མི་ཚོགས་ཀྱི་ཁྲོད་དུ་ཐིམ་པ་དེ་རེད། ཁོ་རང་འདི་ལྟར་ལམ་ལ་ཆས་པར་དུངས་ཟེར།
བཙུན་མོ་སྒང་ལྗོངས་ཁུལ་དང་མཁར་གསར་ཆུས་ཐང་ཁྲོམ། སུའེ་ཙེར་བག་ཆགས་སྲང་ལམ་བཅས་སུ་ཡུལ་སྐོར་པ་ལང་ལོང་དུ་འཁོར་བ་དང་། ཐུན་མོང་མ་ཡིན་པའི་མི་རིགས་གོམས་སྲོལ་དང་རང་བྱུང་གི་མཛེས་ལྗོངས། ཕུན་ཚོགས་སྣ་མང་གི་བྱ་འགུལ་བཅས་ལ་བརྟེན་ནས། ཡུལ་སྐོར་ཐོན་ལས་ཡུལ་འདི་ནས་དར་རྒྱས་གོང་འཕེལ་དུ་བཏང་། ཉེ་བའི་ལོ་འགའི་རིང་ལ། ཆི་ལེན་རྫོང་གིས“ལྗང་མདོག་དང་སྐྱེ་ཁམས། ཁྱད་ཆོས”བཅས་ཀྱི་འཕེལ་རྒྱས་རིགས་ལམ་གཏན་འབེབས་བྱས་ཏེ། ལས་རིགས་ཀྱི་དོ་དམ་དང་ལྗོངས་ཁུལ་འཛུགས་སྐྲུན་གྱི་དོ་དམ་ཇེ་ལེགས་སུ་གཏོང་བ། ཚོང་འགུག་དངུལ་འདྲེན་གྱིས་ཡུལ་སྐོར་ལས་རིགས་ལ་ཡར་སྐུལ་བྱེད་པ་བཅས་ཀྱི་སྤོ་བསྒྱུར་རིམ་སྤར་ཇེ་མཐོར་བཏང་བས། ཡུལ་སྐོར་ལས་རིགས་ཀྱིས་རྫོང་ཁོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལ་སྐུལ་འདེད་བྱེད་པའི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་བཏང་།
ཉིས་སྟོང་བཅུ་དྲུག་ལོར། སྤྱིའི་མི་འབོར་ལ་མི་གྲངས་ཁྲི་ལྔ་དང་གྲངས་ཆུང་གཉིས་ཡོད་པའི་ཆི་ལེན་རྫོང་གིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི་བརྒྱ་དང་རེ་བརྒྱད་སྣེ་ལེན་བྱས་ནས། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར་བཞི་དང་གྲངས་ཆུང་བརྒྱད་བླངས། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བཅོ་ལྔ་དང་བརྒྱ་ཆའི་ཉེར་གསུམ་འཕར། ད་ལོའི་ལོ་སྟོད་དུ། རྫོང་ཡོངས་ནས་ཡུལ་སྐོར་པ་མི་ཐེངས་ཁྲི་གྱ་གཉིས་སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་གཅིག་དང་གྲངས་ཆུང་བརྒྱད་བླངས།
“ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ལྟར། ང་ཚོས་འཕེལ་ཚུལ་བཟང་པོ་འདི་ལ་བརྟེན་ནས་མདོ་ལ་རིང་མོའི་ཡུལ་སྐོར་གྱི་ཚོང་རྟགས་མིང་གྲགས་ཧུར་བརྩོན་གྱིས་བསྐྲུན་པ་དང་། སྤུས་ཚད་ཇེ་མཐོར་གཏོང་བ་དང་ཕུལ་བྱུང་བརྩོན་པས་སྐྲུན་པ་སྟེ། A5རིམ་པའི་ལྟེ་གནས་ལྗོངས་ཁུལ་སྐྲུན་པ་གཙོ་གནད་བྱས་ཏེ། མཐའ་འཁོར་གྱི་ཕུན་ཚོགས་ཐོན་ཁུངས་གོང་སྤེལ་ལ་སྣེ་འཁྲིད་བྱས་ཏེ། ཞིང་ཆེན་གཞན་པ་དང་མཚོ་སྔོན་པོ་མཐའ་འཁོར་གྱི་ཡུལ་སྐོར་དང་སྔར་ལས་སྦྲེལ་ཡག་བྱས་ཤིང་། ཡུལ་སྐོར་པར་ཡུལ་ཁོངས་ཆེན་མོའི་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་ཉམས་ལེན་བྱེད་དུ་འཇུག་རྒྱུ་ཡིན”ཞེས་རྒྱུན་ལས་རྫོང་དཔོན་གཞོན་པ་ཚེ་རིང་ནོར་བུས་མཚམས་སྦྱོར་བྱས།
རྫོང་མཁར་སྲང་ལམ་འགྲམ་གྱི་ཨོང་སྟེགས་རིང་པོ་ཞིག་གི་སྟེང་དུ། ལོ་སོ་བརྒྱད་ཡིན་པའི་ཀྲང་ཨེར་ས་ཡིས་ལུག་ཤ་སྲེག་བཞིན་ཡོད། ཁོས་ལྕགས་ཐབ་ནང་དུ་འབར་བཞིན་པའི་མེ་ལྕེར་ལྟ་ཞོར་དུ་མ་འོངས་པའི་མཛེས་སྡུག་གི་རེ་ལྟོས་བརྗོད་པ་སྟེ། ཉིན་རེར་ཤ་བསྲེགས་ནས་བཙལ་བའི་ཡོང་སྒོ་སྔོན་ཆད་གླ་བརྒྱབ་ནས་བཙལ་བའི་ཡོང་སྒོ་ཡི་ལྡབ་གཉིས་རེད། ད་ལྟ་ཟླ་རེར་སྒོར་སྟོང་གསུམ་ལྷག་གི་ཡོང་སྒོ་ཡོད། “ད་ལྟ་ཡུལ་སྐོར་པ་མང་བས་ཤ་སྲེག་པའི་ཚོང་ཇེ་བཟང་ནས་ཇེ་བཟང་རེད། ཁོ་ཚོའི་ཡོང་སྒོའང་ལོ་རེ་ནས་ལོ་རེར་ཇེ་མང་རེད” ཅེས་དང་། “ཡང་བསྐྱར་ལོ་གཅིག་འགོར་རྗེས། རང་ཉིད་ཀྱིས་ཀྱང་ཟ་ཁང་ཕྱེས་ནས་སྦྱིན་བདག་བྱེད་ཐུབ”ཟེར།
ད་ལྟ། མདོ་ལ་རིང་མོའི་འདབས་ཀྱི“ཡུལ་སྐོར་ཚ་བོ”ལྗོངས་ཁུལ་ཁོ་ན་གསོས་ནས་མང་ཚོགས་ཀྱིས་གྱོང་རེག་པ་ཞིག་མིན། ཆི་ལེན་རྫོང་གིས་ཡུལ་སྐོར་ལས་རིགས་ཀྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དེ“བསྒྱུར་བ་བཞི”ལ་སྐུལ་འདེད་བྱེད་པའི་གཞི་འཛིན་ས་གཙོ་བོར་བཟུང་སྟེ། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་གོང་འཕེལ་དུ་གཏོང་བ་ནི་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་བསྡུས་བྱེད་ནུས་འདོན་སྤེལ་བྱེད་པའི་ཁོར་ཡུག་བཟང་པོ་འོག་ཏུ། ཀྲང་ཨེར་ས་ལྟ་བུའི་མང་ཚོགས་མང་པོ་ཞིག་ལ་སྒོར་མོ་མང་པོ་འཚོལ་དུ་འཇུག་ཐུབ་པ་དང་། སྔར་ལས་མང་པོའི་མང་ཚོགས་ཡུལ་སྐོར་ཐོན་ལས་ནང་ཞུགས་སུ་བཅུག་ནས། ཁོ་ཚོའི་ཁྲོད་ཀྱི་འགའ་ཤས་ཀྱིས་ཁྱིམ་ཚང་མགྲོན་ཁང་ཕྱེས་པ་དང་། འགའ་ཤས་ཀྱིས་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས་པ། འགའ་ཤས་ཀྱིས་འབྲོག་པའི་སྤྲོ་སྐྱིད་ཁང་ཕྱེས་པས། མདོ་ལ་རིང་མོའི་འདབས་སུ་གཞན་ལས་ལྷག་པའི་ཡོང་སྒོ་ཐོབ་པའི་སྤྲོ་སྣང་ཤར།
རྩོམ་སྒྲིག་པ། སྐར་མ་མཚོ།