ཁྲི་འདུ་རྫོང་གི་འབྲོག་པ་མང་ཚོགས་ཀྱིས་རིག་གནས་ཐོན་ལས་ཀྱི་གྲུབ་འབྲས་ལ་མཉམ་རོལ་བྱེད་པ།
2017.08.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

གནམ་ངོ་འཐིབས་ཤིང་ཆར་བ་ཟིམ་ཟིམ་མཚམས་མེད་དུ་འབབ་པའི་ཟླ་དྲུག་པ་ནི། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་པ་ཚོས་དབྱར་རྩྭ་དགུན་འབུ་བརྐོ་བའི་རྫོགས་ལྡན་གྱི་དུས་བཟང་ཡིན། འབྲོག་པའི་ཁྱིམ་ཚང་ཞིག་གི་ལོ་གཅིག་རིང་གི་འགྲོ་སྒོ་མང་ཆེ་བ་ནི་ཟླ་བ་འདི་ལ་བླངས་པའི་སྒོར་མོ་དག་ཡིན། དེའི་རྐྱེན་གྱིས་འབྲོག་པ་རྣམས་ཟིང་ཟིང་ལོང་ལོང་གིས་རི་མགོར་ཕྱིན་ནས་དབྱར་རྩྭ་དགུན་འབུ་བརྐོས་ཏེ་ཁྱིམ་ཚང་གི་ཡོང་སྒོ་ཇེ་མཐོར་གཏོང་བ་རེད།
ཡིན་ན་ཡང་། དཔའ་བོ་ལ་མཚོན་ནས་བཤད་ན་དེ་འདྲ་མ་རེད། དཔའ་བོས་བལྟས་ན། རང་ཉིད་ཀྱི་རྡོ་བརྐོས་ཐོན་ལས་ལེགས་སྒྲུབ་བྱེད་རྒྱུ་ནི་རྩ་བའི་ནང་གི་རྩ་བ་རེད། དེ་ལྟར་བགྱིས་ན་ཡོང་སྒོ་ཇེ་མང་དུ་གཏོང་ཆོག་པར་མ་ཟད། ད་དུང་རྡོ་བརྐོས་རིག་གནས་ཀྱི་ཐོན་ལས་སྲུང་སྐྱོབ་དང་རྒྱུན་འཛིན་ཡང་བྱེད་ཐུབ་སྙམ།
ཟླ་དྲུག་པའི་ཚེས་བཅུ་ཉིན། ང་ཚོ་ཁྲི་འདུ་རྫོང་གི་དམངས་ཁྲོད་རྡོ་བརྐོས་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་རུ་བསྐྱོད་པ་ཡིན། ལས་སྣོན་འཁོར་ཁང་ཆེན་པོ་ཞིག་ཏུ་དཔའ་བོ་གཅིག་པུ་མ་གཏོགས་མི་འདུག་ལ། ལས་སྣོན་འཁོར་ཁང་གི་དབུས་སུ་སྒ་སྟོད་ཇོ་བོ་ལྷ་རིའི་འདྲ་དཔེ་ཞིག་བཤམས་འདུག དེ་ནི་དཔའ་བོའི་བརྩམས་ཆོས་རེད། དཔའ་བོ་ཁོ་རང་སྒ་སྟོད་ཇོ་བོ་ལྷ་རིའི་དབྱིབས་གཟུགས་འདྲ་དཔེ་ལ་འདམ་ཞལ་རྒྱག་པར་བྲེལ་བཞིན་འདུག
ལས་སྣོན་འཁོར་ཁང་གི་ཡར་ཕྱོགས་སུ་ཐོན་རྫས་རྣམ་པ་སྣ་ཚོགས་བཤམས་ཡོད་ལ། ཐོན་རྫས་དེ་དག་ཚང་མ་ནི་རྡོ་བརྐོས་ལས་གྲུབ་པ་ཤ་སྟག་རེད། ཞོ་འོ་མ་འཇོག་སའི་སྣོད་ཆས་ཡོད་ལ། དགོན་པས་བཀོལ་བའི་ལྷ་ཆ་མཆོད་ཆས་ཀྱང་བཞག་ཡོད། ལས་སྣོན་འཁོར་ཁང་གི་འགྲམ་ལོགས་སུ་ཆེ་ཆུང་མི་འདྲ་བའི་རྡོ་འགའ་རེ་དང་། ད་དུང་དཔའ་བོ་རང་གིས་ལས་པའི་ལས་སྣོན་འཕྲུལ་ཆས་བཞག་འདུག མིག་ལ་དེ་འདྲ་མི་ཤོམ་པའི་གྲུ་ཟུར་ཞིག་ཏུ་ད་རུང་རྡོ་ལོག་ཅིག་བཞག་ཡོད་པ་མཐོང་།
“རྡོ་ལོག་འདི་ལ་སྣང་ཆུང་བྱེད་ག་ལ་རུང་། འདི་ནི་ངས་སྒ་སྟོད་ཇོ་བོ་ལྷ་རིའི་འདབས་རོལ་ནས་ཉོས་ཡོང་བའི་རིན་པོ་ཆེ་ཞིག་ཡིན། སྒོར་ཁྲི་གཅིག་ལྷག་བྱིན་པ་ཡིན། ཐོན་རྫས་ལྔ་དྲུག་ཙམ་བཟོ་ཐུབ་པ་ཡིན། ཐོན་རྫས་གྲུབ་མ་རེ་རེ་སྒོར་སྟོང་བཞི་ལ་བཙོང་ཐུབ། དེས་མི་ཚད། ཚོང་རའི་ནང་རྡོ་འདི་ཡི་རིགས་ཧ་ཅང་མཐོང་དཀོན་པ་རེད།”དཔའ་བོས་གྲུ་ཟུར་དུ་བཞག་པའི་རིན་པོ་ཆེ་དེ་ལ་མཛུབ་མོས་སྟོན་བཞིན་དེ་ལྟར་བཤད།
དཔའ་བོའི་ཀུང་སིའི་ནང་དུ་ད་རུང་བཟོ་པ་དགེ་ཕྲུགབཅུ་གསུམ་བསྡུས་ཡོད། ད་ལྟ་ཁོ་ཚོ་ཚང་མ་རི་མགོར་དབྱར་རྩྭ་དགུན་འབུ་བརྐོ་རུ་བུད་སོང་བས། ཤུལ་ན་དཔའ་བོ་གཅིག་པུ་ཉིན་རྒྱུན་རྡོ་བརྐོས་ལ་བྲེལ་བཞིན་འདུག དཔའ་བོའི་དགེ་ཕྲུག་བཅུ་གསུམ་པོ་ཚང་མ་ཁྲི་འདུ་རྫོང་གི་ཡིག་ཚགས་ཐོ་འགོད་བྱས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་རེད། དེའི་ཁྲོད་ནས་བསླབས་པ་ཆེས་མགྱོགས་ཤིང་། ལག་རྩལ་ཆེས་བཟང་བ་ནི་བཤད་སྒྲུབ་རེད།
ད་ལོ་ལོ་སོ་བདུན་ཡིན་པའི་བཤད་སྒྲུབ་ནི་དགའ་སྟོད་ཞང་ཁངས་མ་སྡེ་བའི་མི་ཡིན། ཁྱིམ་དུ་ནོར་ལུག་མེད་པར་མ་ཟད། རྩྭ་ས་ཡང་མེད། ཕ་མ་འདས་སྔ་བའི་རྐྱེན་གྱིས་བཤད་སྒྲུབ་ཉིན་རྒྱུན་དུ་དགའ་སྟོད་ཞང་གི་སྲང་བར་ལ་ལྡོམ་ནས་བསྡད་ཡོད། དཔའ་བོས་ཚུལ་དེ་མཐོང་རྗེས་བཤད་སྒྲུབ་རང་གི་ཀུང་སིའི་ནང་དུ་ཁྲིད་ཡོང་ནས་ལག་རྩལ་སློབ་ཏུ་བཅུག དུས་དེ་ནས་བཟུང་བཤད་སྒྲུབ་ལ་ཟླ་རེ་བཞིན་དུ་གཏན་འཇགས་ཀྱི་ཡོང་སྒོ་ཡོད་པར་གྱུར་པས། སྔོན་ཆད་འཁྱམ་ལྡོམ་གྱི་འཚོ་བ་དང་ཁ་གྱེས།
ཁྲི་འདུ་རྫོང་གི་དམངས་ཁྲོད་རྡོ་བརྐོས་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་སི་དེ་ན་ནིང་བཙུགས་པ་ནས་ད་བར་དུ། ཐོན་རྫས་གྲུབ་མ་སྟོང་ལ་ཉེ་བ་ཞིག་ཕྱིར་འཚོང་བྱས་ཟིན། ཟླ་བ་རེ་རེའི་ཡོང་སྒོ་ནི་དགེ་ཕྲུག་བཅུ་གསུམ་པོར་མི་རེ་ལ་སྒོར་སྟོང་གསུམ་དང་ལྔ་བརྒྱ་ཡི་ཟླ་ཕོགས་བྱིན་པའི་ཤུལ་དུ་དཔའ་བོ་ལ་ད་རུང་ཁེ་སྤོགས་ལྷག་མ་ཡོད་པས། དེ་བཀོལ་ནས་རྒྱུ་ཆ་ཉོས་པ་རེད།
དཔའ་བོའི་ཀུང་སི་ནི་ཁྲི་འདུ་རྫོང་གི་རིག་གནས་ཐོན་ལས་ཀྱི་བསྡུས་གཟུགས་རི་མོ་ལྟ་བུ་ཞིག་རེད། ཁྲི་འདུ་རྫོང་ལ“རིག་གནས་ཀྱི་ཕ་ས”ཞེས་པའི་མཚན་སྙན་ཐོགས་ཡོད། རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རིག་གནས་ཀྱི་རྫོངས་མཐུག་ལ། གནོད་ཕྱིའི་བསྐྱར་སྐྲུན་གྱི་སྐབས་སུ། མི་ཚང་མ་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་གྱི་ལས་ལ་བྲེལ་བཞིན་ཡོད་ཅིང་། རིག་གནས་ཐོན་ལས་འཕེལ་བ་རྗེས་ལུས་ཡིན། གནོད་ཕྱིའི་བསྐྱར་སྐྲུན་ཕྱོགས་ཡོངས་ནས་ལེགས་པར་གྲུབ་པ་དང་བསྟུན་ནས། ཁྲི་འདུ་རྫོང་གིས“སྒ་ཡུལ་གྱི་གཟི་ཉམས། རིག་གནས་ཀྱི་ཁྲི་འདུ”ཞེས་པའི་རིག་གནས་རྒྱ་ཆེར་སྤེལ།
རིག་གནས་ནི་སྲུང་སྐྱོབ་ཁྲོད་འཕེལ་ཞིང་དར། ཁྲི་འདུ་རྫོང་དཔེ་རོང་བྲོ་གར་དེང་སང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར་ཡོད། ད་ལོར། འབྲི་ཆུའི་འགྲམ་རྒྱུད་ཀྱི་གནའ་བོའི་གྲོང་ཚོ། གནའ་བོའི་བྲག་རིས། གནའ་བོའི་བཙན་རྫོང་། དགེ་ཞོལ་ལྷ་སྒང་གི་ལྡེབས་རིས་བཅས་གསུམ་པོ་རྒྱལ་ཁབ་ཀྱི་གཅེས་ནོར་ཡིན་པར་རེ་ཞུ་བྱེད་ཀྱིན་ཡོད་ལ། ལྷག་པར་དགའ་སྟོད་ཞང་དགེ་ཞོལ་ལྷ་སྒང་གི་ལྡེབས་རིས་དེ་བོད་ཁུལ་ཡོངས་སུ་གཅིག་ལས་གཉིས་མེད་པའི་ཁྱད་དུ་འཕགས་པ་ཞིག་རེད།

“ང་ཚོས་རིག་གནས་ཐོན་ལས་སྲུང་སྐྱོབ་བྱེད་པའི་ཁྲོད་རིག་གནས་ཀྱི་གྲུབ་འབྲས་ལ་མཉམ་རོལ་བྱེད་པ་ཡིན། རྫོང་ཡོངས་ལ་ལབ་ཞང་དང་དགའ་སྟོད་ཞང་། དྭངས་ཆུ་གྲོང་རྡལ།འབྲི་ཆུ་བཅས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཚོགས་པ་བཞི་ཡོད། དེའི་ཁྲོད་རྒྱལ་ཐང་རྟ་རྩལ་མཐུན་ཚོགས་དང་དཔའ་རྟུལ་བྲོ་གར་སྒྱུ་རྩལ་ཚོགས་པ་ལ་ལས་གཉེར་མི་སྣ་ཕལ་ཆེར་མི་སུམ་བརྒྱ་ཙམ་ཡོད། ཁྲི་འདུ་སྤྲུལ་བའི་ཐང་ག་དང་རྫོང་སྙིང་ཐང་གའི་བར་ལ་འབྲི་ཆུས་ཆོད་ཅིང་། གྲུབ་མཐའ་གཅིག་དང་མགོ་ཁུངས་གཅིག་ལ་གཏོགས། སེ་ཁོག་བོད་གྲི་དང་ཨ་ཁྲོ་བོད་གྲི་བར་ལ་ཡང་འབྲི་ཆུས་ཆོད་ཅིང་། གྲུབ་མཐའ་གཅིག་དང་མགོ་ཁུངས་ཁྱིམ་རྒྱུད་གཅིག་ལ་གཏོགས་པས། བཟོས་པའི་བཟོ་རྩལ་དང་ལག་རྩལ་ལ་ཧེ་བག་ཁྱད་པར་ཅི་ཡང་མེད། ད་དུང་རྡོ་བརྐོས་དང་ཞལ་འབག་བཟོ་བ། ཁྱད་ཆོས་ལྡན་པའི་རྒྱན་གོས་ལས་སྣོན་བྱེད་པ་ལ་སོགས་ལས་རིགས་དེ་དག་གི་ལས་གཉེར་མི་སྣ་བསྡོམས་པས་མི་སྟོང་གཅིག་ལྷག་ལ་བུད་ཡོད”ཁྲི་འདུ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་ཆོས་ཐར་གྱིས་སྤོབས་སེམས་དང་བཅས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྐར་མ་མཚོ།