བྲག་དཀར་ཞང་གི་འབྲོག་པ་མང་ཚོགས་རྣམས་ལ་ཁྱིམ་ཚང་སྨན་པ་ཡོད་པར་གྱུར་བ།
2017.08.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

 ཟླ་བདུན་པའི་བྲག་དཀར་རྩྭ་ཐང་ནི་སྔོ་ལྗང་གི་གོས་ལྭ་མནབས་པ་དང་ཀུན་ནས་མཚུངས་ཤིང་། འབྲོག་པ་མང་ཚོགས་རྣམས་ཀྱིས་རང་གི་ཁྱིམ་མི་ཁྲིད་དེ་རྩྭ་ཐང་དང་ཆུ་བོའི་འགྲམ་དུ་སོང་ནས་དུས་ཡུན་ཐུང་ངུའི་དབྱར་ཁ་ལ་རོལ་བཞིན་ཡོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བྲག་དཀར་ཞང་འཕྲོད་བསྟེན་སྨན་ཁང་གི་ཡོན་ཀྲང་སྒྲོལ་དཀར་ལ་དེ་འདྲའི་ཁོམ་ལོང་མེད་པར་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་བྱ་བ་དེ་ཇི་ལྟར་མགོ་རྩོམ་དགོས་པ་དང་། ཇི་ལྟར་བྱས་ན་ད་གཟོད་འབྲོག་པ་མང་ཚོགས་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་ཐུབ་པའི་དོན་ལ་བསམ་གཞིགས་གང་མང་གཏོང་བཞིན་འདུག

འབྲི་ཆུའི་མགོ་ཁུངས་སུ་ཡོད་པའི་རྫོང་དང་པོ་སྟེ། འབྲི་སྟོད་རྫོང་གི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པ་དང་། མཁའ་མཐའི་སོ་སྐྱ་ཞེས་མཚན་སྙན་ཐོགས་པའི་སོ་སྐྱ་ཞང་ནི་ལམ་ཐག་ཧ་ཅང་རིང་བས། མི་རྣམས་ཀྱིས་དེ་འདྲ་གླེང་བཞིན་མེད་ལ། འབྲི་སྟོད་རྫོང་ནས་བྲག་དཀར་ཞང་བར་གྱི་ལམ་ཐག་ནི་འབྲི་སྟོད་རྫོང་ནས་སོ་སྐྱ་ཞང་བར་གྱི་ཕྱེད་ཀ་ཡིན་ཡང་། མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་བྲག་དཀར་ཞང་ཡང་མི་རྣམས་ཀྱིས་མང་པོ་གླེང་བཞིན་མེད་པ་རེད།

ད་ལོའི་ཟླ་ལྔ་བའི་ཟླ་སྟོད་དུ། བྲག་དཀར་ཞང་འཕྲོད་བསྟེན་ཁང་གིས་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་བྱ་བ་ལག་བསྟར་བྱས་པ་དང་། ལས་འགན་ལྗིད་མོ་འདི་ཡོན་ཀྲང་སྒྲོལ་དཀར་གྱི་ཕྲག་སྟེང་དུ་བབས་པ་རེད། འཕྲོད་བསྟེན་སྨན་ཁང་དེའི་ནང་དུ་སྒྲོལ་དཀར་གཏོགས་པའི་ལས་བྱེད་མི་སྣ་དྲུག་ཡོད་པ་དང་། སྡེ་བའི་སྨན་པ་བརྒྱད་ཡོད་ལ། ཁོ་ཚོས་མུས་གྲུ་བཞི་མ་སྟོང་ལྔའི་ཁྱབ་ཁོངས་ཀྱི་མི་སྟོང་ལྔ་དང་བདུན་བརྒྱར་ཆམ་པ་ཕོག་པ་དང་། མགོ་ན་བ་དང་ཚ་བ་རྒྱས་པ་སོགས་བྱུང་ན་སྒོ་ཁར་སོང་ནས་ཞབས་ཞུ་སྒྲུབ་དགོས་པ་དང་། མཚམས་ལན་རེར་སྤྱི་ལེ་བརྒྱ་ལ་ཉེ་བའི་མཚམས་སུ་འགྲོ་དགོས་ལ། ཕྱིར་ཡོང་ནའང་སྔ་དྲོ་གཅིག་གི་དུས་ཚོད་དགོས་པ་རེད། 

བྲག་སེར་སྡེ་བའི་རུ་ཁག་བཞི་བའི་དོན་འགྲུབ་ཚང་ནི་བྲག་དཀར་ཞང་འཕྲོད་བསྟེན་ཁང་གི་ཆེས་ཐོག་མར་སྨན་བཅོས་བྱེད་དུ་འགྲོ་བའི་ཞབས་ཞུ་བྱ་ཡུལ་ཡིན་ལ། ད་ལོའི་ཟླ་དྲུག་པའི་ཟླ་སྟོད་ལ། ལོ་རེ་ལྔ་ཡིན་པའི་དོན་འགྲུབ་ཀྱི་ཁྲག་ཤེད་མུ་མཐུད་དུ་ཇེ་མཐོར་སོང་བར་མ་ཟད། གྲུམ་བུའི་ནད་ཡང་བསྐྱར་འཕར་བ་དང་། གཏམ་དེ་ཞང་འཕྲོད་བསྟེན་སྨན་ཁང་གིས་གོ་བ་ན། སྒྲོལ་དཀར་གྱིས་སྨན་ཁྱེར་ནས་བྲག་སེར་སྡེ་བའི་སྡེ་བའི་སྨན་པ་དང་མཉམ་དུ་སྤྱི་ལེ་དགུ་བཅུ་ལྷག་གི་མཚམས་སུ་ཡོད་པའི་དོན་འགྲུབ་ཀྱི་ཁྱིམ་དུ་སོང་། དོན་འགྲུབ་ཀྱི་ཁྱིམ་དུ་ཐོན་པ་ན། སྒྲོལ་དཀར་གྱིས་དོན་འགྲུབ་ལ་རྟག་དཔྱད་བྱས་པ་དང་། ཁྲག་ཤེད་མར་འབབ་པའི་སྨན་དང་རུས་ཚིགས་ནད་ཀྱི་སྨན་བྱིན་པ་དང་། ཡང་དང་བསྐྱར་དུ་དོན་འགྲུབ་ལ་ཤ་ཉུང་ཉུང་ཟ་བ་དང་། སྔོ་ཚོད་ཀྱི་རིགས་མང་དུ་ཟས་ན་ཁྲག་ཤེད་ལ་ཚོད་འཛིན་བྱེད་ཐུབ་པ་དང་། དབྱར་རྩྭ་བརྐོ་རུ་འགྲོ་དུས་པུས་མོ་ས་བརླན་གྱི་སྟེང་དུ་བརླན་ན་རུས་ཚིགས་ཀྱི་ནད་ཡང་བསྐྱར་སློང་སླ་བའི་སློབ་གསོ་ཡང་ཡང་བྱས། 

དོན་འགྲུབ་ཀྱི་ནད་ལ་ལྟ་རུ་སོང་ན་ཕར་འགྲོ་ཚུར་འོང་ལ་ཉིན་གཅིག་གི་དུས་ཚོད་དགོས་ལ། ནད་པ་འདི་འདྲ་བྲག་དཀར་ཞང་དུ་ཧ་ཅང་མང་། འབྲོག་པ་མང་ཚོགས་རྣམས་ཁ་འཐོར་ངང་ནས་བསྡད་ཡོད་པས། འཕྲོད་བསྟེན་ཁང་གི་སྨན་པ་རྣམས་ཞབས་ཞུ་སྒྲུབ་དུ་སོང་ནའང་དུས་ཚོད་མང་པོ་འགོར་བ་རེད། དེ་ལྟར་དཀའ་སྡུག་ཇི་འདྲ་ཆེ་ནའང་། སྒྲོལ་དཀར་ལ་ཁྱིམ་ཚང་སྨན་པར་གན་རྒྱ་འཇོག་པའི་བྱ་བ་བཟང་བོར་སྒྲུབ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་པ་རེད།   

ད་ལོ་ལོ་བཞི་བཅུ་ཡིན་པའི་ཁུག་ཆེན་སྡེ་བའི་འབྲོག་པ་ཚུལ་ཁྲིམས་ཀྱི་ཡན་ལག་དབང་བོ་སྐྱོན་ཅན་ཡིན་པ་དང་། ལག་པ་གཉིས་ཀྱི་ཚིགས་ཡང་བཀྲོལ། ཁྱིམ་དུ་བྱིས་པ་བཞི་ཡོད་པ་དང་། སྡེ་བའི་ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན། ཚུལ་ཁྲིམས་ལ་སྙིང་ནད་ཡོད་ཅིང་། གྲུམ་བུའི་ནད་ཀྱང་བྱུང་ཡོད་པ་རེད། 

ཟླ་བདུན་པའི་ཟླ་མགོའི་ཉིན་ཞིག་ལ། ཚུལ་ཁྲིམས་ལྕགས་རྟར་ཞོན་ནས་རི་ལ་ཕྱུགས་རྗེས་སུ་སོང་བ་དང་། སྟབས་མ་ལེགས་པར་འཕྲུལ་རྟའི་སྟེང་ནས་ཐང་ལ་འགྱེལ་ཏེ། རྐང་བའི་ཚིགས་གནད་དེ་ཁྲག་མང་པོ་བཞུར། ཉིན་གུང་གི་དུས་ཚོད་བཅུ་གཉིས་ཡས་མས་སུ་བྲག་དཀར་ཞང་འཕྲོད་བསྟེན་ཁང་ལ་ཁ་པར་ཐོན་པ་དང་། འཕྲོད་བསྟེན་ཁང་གི་སྨན་པ་དོན་འགྲུབ་ཚེ་རིང་གིས་སྨན་ཁུག་འཁུར་ནས་འཕྲུལ་རྟར་ཞོན་ཏེ་ཚུལ་ཁྲིམས་ཀྱི་ཁྱིམ་དུ་སོང་བ་དང་། ཚུལ་ཁྲིམས་ཀྱི་ཁྱིམ་དུ་ཐོན་སྐབས་ཕྱི་དྲོའི་དུས་ཚོད་གསུམ་ལྷག་ལ་ཐོན་འདུག ཚུལ་ཁྲིམས་འབོལ་ཁྲིའི་སྟེང་དུ་ཉལ་ཡོད་ལ། རྐང་བའི་ཚིགས་འཐུམ་རས་དཀར་པོ་ཞིག་གིས་དཀྲིས་ཡོད་ཀྱང་། འཐུམ་རས་དཀར་པོ་དེ་ཁྲག་གིས་བརྫིས་ཡོད་པ་རེད། དོན་འགྲུབ་ཚེ་རིང་གིས་ཚུལ་ཁྲིམས་ཀྱི་རྐང་བའི་ཚིགས་དཀྲིས་ཡོད་པའི་འཐུམ་རས་དཀར་པོ་དེ་བླངས་ནས་ལྟོས་པ་ན་རྨ་ཁ་བཙེམ་དགོས་པ་རྟོགས། 

སྨན་པ་དོན་འགྲུབ་ཚེ་རིང་གིས་ཆུ་གཙང་ཞིག་གིས་རྨ་ཁ་བཀྲུས་པ་དང་། དེའི་འཕྲོར་དུག་སེལ་ཆུས་དུག་སེལ་བྱས་རྗེས་སྐུད་པ་བརྒྱད་བླངས་ནས་རྨ་ཁ་བཙེམ་པ་དང་། རྨ་ཁ་ལེགས་པར་བསྡམས། སྨན་པས་ཚུལ་ཁྲིམས་ལ་དུས་ལྟར་སྨན་འཐུང་དགོས་པ་དང་། རྨ་ཁ་སོས་ནས་སྐུད་པ་ལེན་པའི་དུས་སུ་ངེས་པར་དུ་སྨན་པར་ཁ་པར་བཏང་ནས་སྨན་པ་ཡོང་དགོས་ཚུལ་སོགས་ཐེངས་མང་པོར་བཤད། ཟླ་ཕྱེད་ཀའི་རྗེས་སུ། ཚུལ་ཁྲིམས་རང་ཉིད་འཕྲོད་བསྟེན་སྨན་ཁང་དུ་ཡོང་ནས་སྐུད་པ་བླངས། 

མིག་སྔར། བྲག་དཀར་ཞང་འཕྲོད་བསྟེན་ཁང་ལ་ཁྱིམ་ཚང་སྨན་པའི་གན་རྒྱ་བཞག་པའི་ཁྱིམ་ཚང་བརྒྱ་ལྷག་ཡོད་པ་དང་། ཞང་དང་གྲོང་རྡལ་ཡོད་ས་ནས་ཁྱིམ་ཚང་སོ་སོར་ཁྱིམ་ཚང་སྨན་པ་ཡོད་པར་གྱུར། འཕྲོད་བསྟེན་ཁང་གིས་ཀྱང་གན་རྒྱ་བཞག་པའི་སྨན་པ་དེ་ཚན་ཁག་གཉིས་སུ་བགོས་ནས་ཚན་ཁག་རེ་ལ་མི་གསུམ་རེ་བྱས་ཡོད་པ་དང་། དེའི་ནང་སྡེ་བའི་སྨན་པ་གཅིག་རེ་ཡོད་ལ། ཚན་ཁག་རེ་རེས་འབྲོག་པ་ཁྱིམ་ཚང་ལྔ་བཅུ་ལྷག་ལ་ཞབས་ཞུ་སྒྲུབ་བཞིན་ཡོད། 

བྲག་དཀར་ཞང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་སྒྲོལ་དཀར་གྱིས་ཡིད་ཆེས་ཡོད་པའི་སྒོ་ནས་བཤད་རྒྱུར། ང་ཚོ་འཕྲོད་བསྟེན་ཁང་དུ་ལས་བྱེད་མི་སྣ་ཉུང་བ་དང་། ཁྱིམ་ཚང་སྨན་པར་གན་རྒྱ་བཞག་པའི་འབྲོག་པ་ཁྱིམ་ཚང་ཡང་བརྒྱ་ལྷག་མ་གཏོགས་མེད་ཀྱང་། ང་ཚོས་མུ་མཐུད་དུ་མང་ཚོགས་ཀྱི་བྱ་བ་བཟང་པོར་སྒྲུབ་སྟེ། འབྲོག་པ་ཁྱིམ་ཚང་སོ་སོར་གན་རྒྱ་བཞག་པའི་ཁྱིམ་ཚང་སྨན་པ་ཡོད་པར་བྱེད་རྒྱུ་ཡིན་ཟེར། 

 
ལོ་ཙཱ། ཚེ་རིང་སྒྲོལ་མ།