རང་ཞིང་གི་ས་ཁུལ་མང་པོས་ཁོར་ཡུག་ལེགས་སྒྲིག་བཅོས་སྐྱོང་བྱ་བར་ཤུགས་བསྣན་པ།
2017.08.28 ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཀློག་གྲངས། 19

ན་གོར་མོ་གྲོང་ཁྱེར་གྱིས་ཁོར་ཡུག་བཅོས་སྐྱོང་བྱ་བའི་ཐད་ནས་་གྲུབ་འབྲས་བཟང་པོ་བླངས།

གསར་འགོད་པས་ན་གོར་མོ་གྲོང་ཁྱེར་དྲིལ་སྒྲོག་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཡུང་ན་གོར་མོའི་ཧོང་ཡང་ཨར་འདམ་ཚད་ཡོད་ཀུང་ཟིར་སོང་ནས་ཁོར་ཡུག་སྲུང་སྐྱོབ་ལེགས་སྒྲིག་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། ཝང་ཡུང་གིས་བཤད་རྒྱུར། བསམ་བློའི་ངོས་ཟིན་མཐོར་འདེགས་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་བརྟན་པོ་འཛུགས་པ། ཁོར་ཡུག་བཅོས་སྐྱོང་བྱ་བ་དམ་འཛིན་བྱེད་པ། ལེགས་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་བ། ལེགས་སྒྲིག་སྤུས་ཚད་ལ་འགན་སྲུང་བྱེད་པ། ཚད་གཞི་མི་འདྲ་བའི་སྟེང་ནས་བྱེད་ཐབས་ཀྱང་མི་འདྲ་བ་སྤྱོད་པ། འགན་འཁྲིར་ཤུགས་སྣོན་པ་བཅས་ཀྱི་སྒོ་ནས། ཁོར་ཡུག་ལེགས་སྒྲིག་བཅོས་སྐྱོང་བྱ་བར་གྲུབ་འབྲས་བཟང་བོ་ལེན་པར་བརྩོན་ལེན་བྱེད་དགོས་ ཟེར།

ཝང་ཡུང་གིས་སྔ་གཞུག་ཏུ་ན་གོར་མོ་གྲོང་ཁྱེར་གྱི་ཧོང་ཡང་ཨར་འདམ་ཚད་ཡོད་ཀུང་ཟིའི་གད་སྙིགས་གཙང་སེལ་བྱེད་ས་དང་གཞུང་ལམ་འགྲམ་རྒྱུད་སོགས་ལ་རྟོག་ཞིབ་བྱས་ཤིང་། རྟོག་ཞིབ་བྱེད་ཞོར་དུ་འབྲེལ་ཡོད་སྙན་ཞུའི་གནས་ཚུལ་ལ་ཉན་པ་དང་། ཁོར་ཡུག་སྲུང་སྐྱོབ་གནད་དོན་ལེགས་སྒྲིག་གི་མྱུར་ཚད་དང་དུས་རིམ་རྗེས་མའི་འཆར་གཞི་སོགས་ལ་རྒྱུས་ལོན་ཞིབ་རྒྱས་བྱས། ཝང་ཡུང་གིས་ན་གོར་མོ་གྲོང་ཁྱེར་ཧོང་ཡང་ཨར་འདམ་ཚད་ཡོད་ཀུང་ཟི་ཡིས་ངེས་པར་དུ་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱ་བར་བརྩི་སྲུང་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཁག་དང་ལེགས་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱེད་པ། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གྱི་གོ་སྐབས་དང་བསྟུན་ནས་དུས་ལྟར་ཁྱོན་ཡོངས་ནས་ལེགས་སྒྲིག་དང་གྲུབ་འབྲས་བཟང་བོ་ཐོབ་པར་བྱེད་དགོས་པའི་བླང་བྱ་བཏོན།

ཝང་ཡུང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་གསུང་བཤད་གལ་ཆེན་ལ་བརྩི་སྲུང་བྱས་ཏེ། ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱེད་པ་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། བྱེད་ཐབས་རབས་དང་རིམ་པ་བརྒྱུད་དེ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་བྱེད་རྒྱུ་དང་། ཁེ་ལས་རང་སྟེང་ནས་མིག་རྒྱང་རིང་ཞིང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་གཞི་ཚུགས་པ། ཁོར་ཡུག་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་བཏོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་སྟེ། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དམངས་ཚིས་ལས་དོན་དང་ཏང་ཨུའི་སྲིད་གཞུང་གི་སྣང་བསྙན་ལེགས་པོ་བསྐྲུན་པ། འབྲེལ་ཡོད་སྡེ་ཁག་དང་ན་གོར་མོ་ཧོང་ཡང་ཨར་འདམ་ཚད་ཡོད་ཀུང་ཟི་སོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ཤེས་རྟོག་གཏིང་ཟབ་བྱེད་པ། དེ་མིན་ན་གོར་མོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་འདེད་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་དགོས་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྔར་བས་ཤུགས་བསྣན་པ།

སྐྱེ་ཁམས་སྲུང་སྐྱོབ་བྱ་བར་སྔར་བས་ཤུགས་སྣོན་པ་དང་། རི་ཀླུང་མཛེས་ཤིང་ཆུ་བོ་དྭངས་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོ་འཛུགས་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གིས་འདུ་ཤེས་བཞི་དམ་འཛིན་དང་། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱས་ཏེ། སྦགས་བཙོག་དང་ཨ་བྲའི་གནོད་འཚེ་འགོག་བཅོས། ས་ནག་ཐང་བཅོས་སྐྱོང་། ཕྱུགས་བཀག་རྩྭ་གསོ་དང་སྡོང་འཛུགས་ནགས་སྐྲུན་སོགས་བཅོས་སྐྱོང་ལས་གཞི་ནན་ཏན་སྒོས་སྤེལ་བའི་རྨང་གཞིའི་སྟེང་། ལྗང་མདོག་ལ་བརྟེན་ནས་ཏང་འཛུགས་སྐྱོང་བྱེད་པར་སྣེ་ཁྲིད་དང་། རིམ་པ་ཁག་གིས་སྟོབས་ཤུགས་གཅིག་བསྡུས་བྱེད་པ། གནད་ཕིགས་དབུལ་སྐྱོར་དང་བསྒྱུར་བ་བཞིའི་སྔོན་སྐྱོད་ཁུལ་དང་དཔེ་སྟོན་ཁུལ་སོགས་ཧུར་ཐག་གིས་བསྐྲུན།
ཧི་ནན་རྫོང་ཏང་ཨུས་རྫོང་ཁོངས་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ། ཧི་ནན་ རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་ཞེས་པ་གཏན་འབེབས་དང་ལག་བསྟར་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དེ་ལོ་འཁོར་གྱི་ལས་འགན་དམིགས་ཚད་གཙོ་བོའི་ཁྲོད་བཞག་སྟེ། ཏན་ཏན་ཏིག་ཏིག་གིས་དཔལ་འབྱོར་འཕར་ཚད་ལ་སྐུལ་འདེད་བྱས།

རྫོང་རིམ་པའི་ཏང་སྲིད་མགོ་ཁྲིད་པ་གཙོ་བོའི་ཨ་བྲའི་གནོད་འཚེ་དང་ས་ནག་ཐང་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ཏེ། རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པ་བཅུ་བཞི་ཡིས་ས་མུའུ་ཁྲི་གསུམ་སྟོང་དྲུག་ལྷག་ལ་དོ་དམ་དང་སྲུང་སྐྱོབ་བྱེད་པར་འགན་འཁུར་བ་དང་། རང་བྱུང་རྩྭ་སར་ཆུ་འདྲེན་པ་དང་སྐྱེ་ལྡན་ལུད་འཇོག་པའི་སྐོར་གྱི་ཇུས་གཞི་ཆེད་དུ་ལག་བསྟར་བྱས་ཏེ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་དང་ལེགས་བཅོས་བྱུང་བ་དང་། རྩྭ་སའི་སྐྱེ་ཁམས་ཉམས་ཞན་ཏུ་འགྱུར་བ་བཀག་འགོག་བྱས།
དུས་མཚུངས་སུ། ལོ་རེར་རྨ་འབྲི་རྫ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་གཞི་སྤེལ་ཏེ། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་སྤྱི་ཕན་ནགས་ཚལ་གྱི་དོ་དམ་པའི་ལས་འགན་སོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། རྩྭ་སའི་སྐྱེ་ཁམས་བྱ་དགའི་ཁ་གསབ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། སྐྱེ་ཁམས་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་དངོས་འབེབས་བྱས།

ཆུ་བོའི་འབབ་རྒྱུད་བཅོས་སྐྱོང་དང་ཆུ་མགོར་སྲུང་སྐྱོབ། ས་ཆུ་སྲུང་འཛིན་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བྱས་པ་དང་། ཀླུ་ཆུའི་མགོ་ཁུངས་ཀྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སྒྲིག་བཅོས་སྐྱོང་བྱ་འགུལ་སྤེལ་ཏེ། ཞང་དང་གྲོང་བརྡལ་གྱི་གཞུང་ལམ་རྒྱུད་ཀྱི་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས། དུས་མཚུངས་སུ། རྫོང་ཁོངས་ཀྱི་བཙོག་ཆུའི་གཙང་སེལ་བཟོ་གྲྭ་དངོས་སུ་སྤྱོད་མགོ་ཚུགས་ཏེ། ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་སྲིད་ཇུས་དོན་འཁྱོལ་ཡོང་བར་བྱས།

མཚོ་ནུབ་ཁུལ་གྱིས་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་འགན་འཁྲི་བདའ་འདེད་ཀྱི་ལག་བསྟར་བྱེད་ཐབས་བཏོན།

ཉེ་སྔོན། མཚོ་ནུབ་ཁུལ་གྱིས་ཏན་ཏན་ཏིག་ཏིག་བཞིའི་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་འགན་འཁྲི་ལ་ཤུགས་སྣོན་པ། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་རྩད་གཅོད་སྐོར་གྱི་སྲོལ་ཡིག་དང་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་གནོད་སྐྱོན་བཟོས་པའི་འགན་འཁྲི་བདའ་འདེད་བྱེད་ཐབས། མཚོ་སྔོན་ཞིང་ཆེན་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་བདའ་འདེད་ཀྱི་ལག་བསྟར་ཞིབ་སྲོལ། དེ་མིན། མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲིའི་གཏན་འབེབས་སོགས་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། མཚོ་ནུབ་ཁུལ་གྱི་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲི་བདའ་འདེད་ཀྱི་ལག་བསྟར་བྱེད་ཐབས་བཏོན་པ་རེད།

བྱེད་ཐབས་ལས་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ་དང་། རང་བྱུང་སྐྱེ་ཁམས་ཀྱི་ཆོས་ཉིད་དང་ཚན་རིག་འཕེལ་རྒྱས་ཀྱི་ལྟ་བར་རྒྱབ་འགལ་བྱེད་པ། འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་ལ་སྒྲིག་འགལ་བྱས་པ། འགན་འཁྲི་མི་བསྒྲུབ་པའམ་ཡང་ན་ཡང་དག་པར་མི་སྒྲུབ་པ། ཁོར་ཡུག་ལ་བཙོག་སྐྱོན་བཟོ་བ། སྐྱེ་ཁམས་ལ་གཏོར་བརླག་ཐེབས་པ་སོགས་གནད་དོན་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ཐེབས་པའི་གནས་ཚུལ་ལ་འགན་འཁྲི་བདའ་འདེད་བྱེད་པའི་དུས་མཚུངས་སུ། ལས་གནས་སུ་ཡོད་པའི་ཐད་ཀའི་འགན་འཁུར་བ་དང་དོ་དམ་པར་འགན་འཁྲི་བདའ་འདེད་ནན་མོ་དང་ཆད་གཅོད་བྱ་རྒྱུ་དང་། མགོ་ཁྲིད་ཚན་ཁག་དང་ཚན་ཁག་ཁོངས་མི་ཡིས་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཁྲོད་འཁུར་དགོས་པའི་འགན་འཁྲི་ཞིབ་ཕྲ་བྱས་ཡོད། གཞན་ད་རུང་མགོ་ཁྲིད་ལས་བྱེད་པ་ཡིས་སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་འགན་འཁྲི་བདའ་འདེད་བྱེད་པའི་གནས་ཚུལ་དང་། འགན་འཁྲིའི་རྩ་དོན། འགན་འཁྲིའི་བརྒྱུད་རིམ། བདའ་འདེད་ཀྱི་གནས་ཚུལ་དང་བདའ་འདེད་རྗེས་ཀྱི་མཇུག་འབྲས་མེད་པར་བཟོ་བ་སོགས་གསལ་བོར་བཟོས་ཡོད། མགོ་ཁྲིད་ལས་བྱེད་པ་ཡིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོས་པའི་འགན་འཁྲིའི་བདའ་འདེད་རྣམ་པའི་བརྡ་ཁྱབ་དང་དྲན་སྐུལ་སློབ་གསོ། དགོངས་དག་ཡོངས་བསྒྲགས་སོགས་དང་། རྩ་འཛུགས་ཐག་གཅོད་དང་ཏང་སྲིད་སྒྲིག་ལམ་སྟེང་ནས་ཆད་པ་གཅོད་པ་སོགས་གཏན་འཁེལ་བྱས་ཡོད།

བྱེད་ཐབས་འདི་ནི་མཚོ་ནུབ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་དང་། ལྷག་པར་དུ་གནོད་སྐྱོན་འགན་འཁྲིའི་བདའ་འདེད་བྱ་བའི་དོན་འཁྱོལ་དང་། ཞིབ་ཕྲ་སོགས་དང་འབྲེལ་བ་ཡོད་པ་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མཚོ་ནུབ་ཁུལ་གྱི་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཏང་སྲིད་འགན་འཁྲི་་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་སོགས་ཀྱི་བླང་བྱ་མཚོན་པར་བྱས་ཡོད་ལ། ཏན་ཏན་ཏིག་ཏིག་གི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྒྲུབ་པའི་ཆོད་སེམས་ལ་སྐུལ་འདེད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་བཟང་བའི་མཚོ་ནུབ་གསར་བ་བསྐྲུན་རྒྱུ་རེད།

ཆི་ལེན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་པ།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་སྐྱེ་ཁམས་རྫོང་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་འཛུགས་སྐྲུན་དང་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་་པ་དང་། སྐྱེ་ཁམས་ཁོར་ཡུག་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས།

མིག་སྔའི་བར་དུ། ཆི་ལེན་རྫོང་གིས་ཁོར་ཡུག་སྲུང་སྐྱོབ་དང་ལྟ་སྐུལ་འོས་འགན་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་ལས་འགན་རྒྱུན་ཆད་མེད་པར་ལག་བསྟར་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་མགོ་ཁྲིད་ཚན་ཆུང་བཙུགས་པའི་སྔ་རྗེས་དང་། ད་དུང་ཟླ་རེའི་ཚེས4ཉིན་དང་ཚེས14ཉིན། ཚེས24ཉིན་བཅས་ནི་རྫོང་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་གནས་ཚུལ་ཡར་ཞུ་བྱེད་པའི་ཉིན་མོ་རུ་གཏན་འཁེལ་བྱས་ནས། ཁོར་ཡུག་བཅོས་སྐྱོང་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་རེད།
དུས་མཚུངས་སུ། རྫོང་དང་། ཞང་། གྲོང་རྡལ་གྱི་སྡེ་ཁག་སོ་སོ་དང་། སྡེ་བ་དང་སྡོད་ཁུལ་བཅས་སུ་རིམ་པ་གསུམ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲ་རྒྱའི་མ་ལག་བཙུགས་པ་དང་། རྒྱལ་ཁབ་མངའ་ཁོངས་དང་ནགས་སྐྲུན། ཆུ་བེད་སོགས་སྡེ་ཁག་དྲུག་གིས་མཉམ་འབྲེལ་གྱི་གྲོས་མཐུན་བཀོད་པ་དང་། འདྲི་གཅོད་ལམ་ལུགས་བཅས་བཙུགས་ནས་གཏེར་ཁ་སྔོག་འདོན་ཁེ་ལས་ཀྱི་སྣ་འཛོམས་ལྟ་སྐུལ་དོ་དམ་ནུས་པ་མངོན་གསལ་གྱིས་ཇེ་མཐོར་བཏང་བ་མ་ཟད། མགོ་ཁྲིད་ཀྱི་འགན་ཁུར་བཅོས་སྒྱུར་དང་། ཁྲིམས་ལྟར་ཆད་པ་གཅོད་པ། བརྡ་ཁྱབ་གསལ་བསྒྲགས་བྱེད་པ། ཁེ་ལས་འགན་ཁུར་མི་སྣར་ཁ་བརྡ་བྱེད་པ་བཅས་ཀྱི་བྱེད་ཐབས་སྣ་མང་་སྤྱད་དེ། ཁྱོན་ཡོངས་ནས་ཁེ་ལས་ལྟ་སྐུལ་དང་། སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱེད་པའི་ལས་དོན་རྒྱ་བསྐྱེད་པ་རེད།

མིག་སྔའི་བར། ཆི་ལེན་རྫོང་གིས་ས་ཆ10ས་གཤིས་གནོད་སྐྱོན་དང་། ཆུའི་འབྱུང་ཁུངས་བདེ་འཇགས་འགན་སྲུང་། བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་སོགས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་ཚོད་ལྟའི་ས་ཚུགས་ལས་གཞིའི་ཁྲོད་བཞག་པ་དང་། ཆུའི་འབྱུང་ཁུངས་སྲུང་སྐྱོབ་ཁུལ7དང་གསོ་སྤེལ་མཉམ་ལས་ས་ཁུལ7གྱི་སླར་གསོ་དང་སྤོ་བསྒྱུར་བཅོས་སྐྱོང་ཡོངས་འགྲུབ་བྱས་པ་དང་། བྱེ་མ་བཙག་ས24སླར་གསོ་བྱས་ནས་བཅོས་སྐྱོང་བྱས། དུས་མཚུངས་སུ། དོ་དམ་དང་སྲུང་སྐྱོབ་བྱེད་པ་ལས་གལ་ཆེན་ཞིག་ཏུ་བརྩིས་ནས། སྔ་རྗེས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་བྱེད་པའི་ལས་གཞི་ལག་བསྟར་བྱས་ལ། བཙོག་ཆུའི་དོ་དམ་དྲ་རྒྱ་དང་རང་བྱུང་ནགས་ཚུལ་སྲུང་སྐྱོབ། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འཛུགས་སྐྲུན་ལས་གཞི་222ལག་སྟར་བྱས་པ་རེད།

རྨ་ཆེན་རྫོང་གིས་བྱེད་ཐབས་བཞི་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་ལེགས་སྒྲིག་བྱ་བར་སྐུལ་སྤེལ་བྱས།

ཉེ་བའི་ལོ་འདི་དག་གི་རིང་ལ། རྨ་ཆེན་རྫོང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་ལེགས་སྒྲིག་བྱ་བ་ཧུར་ཐག་གིས་སྤེལ་ཏེ། བཙོག་པ་དང་ཞན་པའི་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་ཇེ་བཟང་དུ་བཏང་ནས། སྡེ་བའི་ཁྱིམ་གཞི་སྔར་ལས་མཛེས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་པ། ལྗོངས་ཁུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་པ། འགྲིམ་འགྲུལ་གཞུང་ལམ་རྒྱུད་ཀྱི་ཡུལ་ལྗོངས་མཛེས་པ་བཅས་ཀྱི་ཁོར་ཡུག་སྣང་བརྙན་ལེགས་པོ་བསྐྲུན་པ་རེད།

གཅིག་ནས། མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ། ལོ་མང་པོའི་རིང་། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་ལས་གཞི་དང་། འགྲིམ་འགྲུལ་གཞུང་ལམ་རྒྱུད། དེ་མིན་ཡུལ་སྐོར་ལྗོངས་ཁུལ་དང་ཉེ་འགྲམ་ཁོར་ཡུག་གི་གཙང་སྦྲ་སོགས་ལ་ལེགས་སྒྲིག་བྱ་འགུལ་བསྟུད་མར་སྤེལ་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་ལེགས་སྒྲིག་བྱ་བ་རྒྱུན་མཐུད་ངང་སྤེལ་བར་ཁག་ཐེག་བྱས། ཉེ་བའི་ལོ་འདི་དག་གི་རིང་ལ། རྫོང་ཡོངས་ཀྱིས་མ་དངུལ་སྒོར་བྱེ་བ་གཉིས་ལྷག་བཏང་སྟེ། ཞང6དང་གྲོང་རྡལ2ལ་ཞིང་སྡེའི་ཁོར་ཡུག་ལེགས་སྒྲིག་ལས་གཞི་ལག་བསྟར་བྱས། མ་དངུལ་སྒོར་ཁྲི1.05བཏང་ནས་ར་རྒྱ་གྲོང་བརྡལ་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་གྱི་ལས་འགན་ལེགས་འགྲུབ་བྱས། མ་དངུལ་སྒོར་བྱེ་བ་དྲུག་ལྷག་བརྩོན་ལེན་བྱས་ཏེ། ཞང5དང་སྡེ་བ6ནས་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ཏེ། གྲོང་རྡལ་གྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱས། དུས་མཚུངས་སུ། རྫོང་ནོར་སྲིད་ཀྱིས་ལོ་རེར་ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་གྲོན་དངུལ་སྒོར་ས་ཡ་བཞི་ལྷག་དངོས་འབེབས་བྱས་ཏེ། དུས་བཅད་ལྟར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་ལས་དོན་ཧུར་ཐག་གིས་སྤེལ་བཞིན་ཡོད།

གཉིས་ནས། རླུང་ཁམས་ཆེན་མོའི་བཙོག་སྐྱོན་བཅོས་སྐྱོང་བྱས་པ། རླུང་ཁམས་ཆེན་མོའི་བཙོག་སྐྱོན་འགོག་སྲུང་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་ཏེ། རྡོ་སོལ་དང་གཏེར་ཁ་སྔོག་འདོན་བྱེད་ས་དང་། ཨར་ལས་འཛུགས་སྐྲུན་དང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་སོགས་ཀྱི་བཙོག་སྐྱོན་འབྱུང་ཁུངས་དང་། གྲོང་བརྡལ་ནང་ཁུལ་གྱི་འཚོ་བའི་གད་སྙིགས་ཐག་གཅོད་པ་སོགས་ཀྱི་བཙོག་སྐྱོན་བྱ་བར་ལྟ་སྐུལ་དོ་དམ་བྱེད་ཚད་ཆེ་རུ་བཏང་སྟེ། རྫོང་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་།

གསུམ་ནས། ཆུའི་འབག་བཙོག་བཅོས་སྐྱོང་བྱེད་པར་ཤུགས་བསྣན་པ། ཆུའི་འབག་བཙོག་ བཅོས་སྐྱོང་དང་འགོག་སྲུང་བྱེད་པའི་བྱ་བའི་ཇུས་གཞི་བཏོན་ཏེ། གྲོང་བརྡལ་གྱི་གཅིག་བསྡུས་རྣམ་པའི་ཆུ་མགོའི་ཆུའི་སྤུས་ཚད་བརྒྱ་ཆའི100ལ་སླེབས་སུ་བཅུག་པ་དང་། དུས་མཚུངས་སུ། བཙོག་ཆུ་ཐག་གཅོད་བཟོ་གྲྭར་ཆུའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ། ཆུའི་བཙོག་སྐྱོན་བཅོས་སྐྱོང་བྱས།

བཞི་ནས། ཉེན་ཁ་ཆེ་བའི་མཁོ་མེད་དངོས་པོའི་དོ་དམ་ལ་ཤུགས་བསྣན་པ། ཉེན་ཁ་ཆེ་བའི་དངོས་པོར་ཆེད་དོན་ཞིབ་བཤེར་བྱེད་པའི་བྱ་འགུལ་ཐེངས་མང་སྤེལ་ཏེ། གསོག་འཇོག་བྱེད་ཐབས་སྔར་བས་ཚད་ལྡན་དུ་བཏང་། དུས་མཚུངས་སུ། ཁུལ་རིམ་པའི་སྨན་བཅོས་གད་སྙིགས་གཙང་སེལ་ལྟེ་གནས་དངོས་སུ་སྤྱོད་མགོ་ཚུགས་པ་དང་། རྨ་ཆེན་རྫོང་གི་སྨན་བཅོས་ལས་ཁུངས་དག་གིས་མཚོ་སྔོན་བེས་ཧྥུན་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཞབས་ཞུའི་ཚད་ཡོད་ཀུང་ཟི་དང་མཉམ་དུ་སྨན་བཅོས་གད་སྙིགས་གཅིག་བསྡུས་ཐག་གཅོད་བྱེད་པའི་གན་རྒྱ་བཞག་ཏེ། སྨན་བཅོས་གད་སྙིགས་ཐག་གཅོད་བྱ་བ་ཚད་ལྡན་ཅན་དུ་བཏང་བ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།