ཉེ་བའི་ལོ་འདི་དག་གི་རིང་ལ། རྨ་ཆེན་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དག་སྒྲིག་བྱ་བ་ཧུར་ཐག་གིས་སྤེལ་ཏེ། ཁོར་ཡུག་བཙོག་པ་དང་ཞན་པའི་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་བཟང་དུ་བཏང་ནས། སྡེ་བའི་ཁྱིམ་གཞི་སྔར་ལས་མཛེས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མཛེས་པ། ལྗོངས་ཁུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་པ། འགྲིམ་འགྲུལ་གཞུང་ལམ་རྒྱུད་ཀྱི་ཡུལ་ལྗོངས་མཛེས་པ་བཅས་ཀྱི་ཁོར་ཡུག་སྣང་བརྙན་ལེགས་པོ་བསྐྲུན།
གཅིག་ནས་མཛེས་སྡུག་གི་ཞིང་གྲོང་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་པ། ལོ་མང་པོའི་རིང་། ཞིང་སྡེའི་ཁོར་ཡུག་དག་སྒྲིག་ལས་གཞི་དང་། འགྲིམ་འགྲུལ་གཞུང་ལམ་རྒྱུད། དེ་མིན་ཡུལ་སྐོར་ལྗོངས་ཁུལ་དང་ཉེ་འགྲམ་ཁོར་ཡུག་འཕྲོད་བསྟེན་སོགས་ལ་དག་སྒྲིག་ལས་འགུལ་བསྟུད་མར་སྤེལ་ཏེ། གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་དག་སྒྲིག་བྱ་བ་རྒྱུན་མཐུད་ངང་སྤེལ་བར་སྐུལ་སྤེལ་བྱས། ཉེ་བའི་ལོ་འདི་དག་གི་རིང་ལ། རྫོང་ཡོངས་ཀྱིས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བདུན་ཁྲི་གསུམ་ལྷག་བཏང་སྟེ། ཞང་དྲུག་དང་གྲོང་བརྡལ་གཉིས་ལ་ཞིང་སྡེའི་ཁོར་ཡུག་དག་སྒྲིག་ལས་གཞི་ལག་བསྟར་བྱས། མ་དངུལ་སྒོར་ཁྲི་གཅིག་ལྷག་བཏང་ནས་ར་རྒྱ་གྲོང་བརྡལ་གྱི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་བྱས། མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་གཅིག་འབུམ་དགུ་ཁྲི་གཅིག་ལྷག་བརྩོན་ལེན་བྱས་ཏེ། ཞང་ལྔ་དང་སྡེ་བ་དྲུག་ནས་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པ་དང་། ཞིང་གྲོང་གི་མིའི་འཚོ་སྡོད་འཕྲོད་བསྟེན་ཁོར་ཡུག་ལེགས་བཅོས་དང་མཛེས་བསྒྱུར་བྱས། དུས་མཚུངས་སུ། རྫོང་ནོར་སྲིད་ཀྱིས་ལོ་རེར་ཁོར་ཡུག་འཕྲོད་བསྟེན་དག་སྒྲིག་འགྲོ་གྲོན་སྒོར་ས་ཡ་བཞི་དང་འབུམ་ལྔ་དོན་འཁྱོལ་བྱས་ཏེ། དུས་བཅད་ལྟར་གྲོང་ཁྱེར་དང་ཞིང་གྲོང་གི་ཁོར་ཡུག་འཕྲོད་བསྟེན་དག་སྒྲིག་ལས་དོན་ནན་གྱིས་སྤེལ་བཞིན་ཡོད།
གཉིས་ནས་རླུང་ཁམས་ཆེན་མོའི་བཙོག་སྐྱོན་བཅོས་སྐྱོང་བྱས་པ། རླུང་ཁམས་ཆེན་མོའི་བཙོག་སྐྱོན་འགོག་སྲུང་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་ཏེ། རྡོ་སོལ་དང་གཏེར་ཁ་སྔོག་འདོན་གནས་དང་། ཨར་ལས་འཛུགས་སྐྲུན་གནས། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་སོགས་ཀྱི་བཙོག་སྐྱོན་འབྱུང་ཁུངས་དང་། གྲོང་བརྡལ་ནང་ཁུལ་འཚོ་བའི་གད་སྙིགས་མེ་བསྲེགས་པ་སོགས་ཀྱི་བཙོག་སྐྱོན་བྱ་བར་ལྟ་སྐུལ་དོ་དམ་བྱེད་ཚད་ཆེ་རུ་བཏང་སྟེ། རྫོང་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་བཏང་།
གསུམ་ནས་ཆུའི་བཙོག་སྐྱོན་བཅོས་སྐྱོང་བྱེད་པར་ཤུགས་བསྣན་པ། ཆུའི་བཙོག་སྐྱོན་བཅོས་སྐྱོང་དང་འགོག་སྲུང་བྱེད་པའི་བྱ་བའི་ཇུས་གཞི་བཏོན་ཏེ། གྲོང་བརྡལ་གྱི་གཅིག་བསྡུས་རྣམ་པའི་ཆུ་མགོའི་ཆུའི་སྤུས་ཚད་བཅོས་སྐྱོང་བྱས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་སུ་བཅུག་པ་དང་། དུས་མཚུངས་སུ། བཙོག་ཆུ་ཐག་གཅོད་བཟོ་གྲྭ་རུ་ཆུའི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ བཀོད་སྒྲིག་བྱས་ཏེ། ཆུའི་བཙོག་སྐྱོན་བཅོས་སྐྱོང་བྱས།
བཞི་ནས་ཉེན་ཡོད་བེད་མེད་དངོས་པོའི་དོ་དམ་ལ་ཤུགས་བསྣན་པ། ཉེན་ཡོད་དངོས་པོར་ཆེད་དོན་ཞིབ་བཤེར་བྱེད་པའི་ལས་འགུལ་ཐེངས་མང་ལ་སྤེལ་ཏེ། གསོག་འཇོག་བྱ་ཐབས་སྔར་ལས་ཚད་ལྡན་དུ་བཏང་། དུས་མཚུངས་སུ། ཁུལ་རིམ་པའི་སྨན་བཅོས་བྱས་པའི་བེད་མེད་དངོས་པོའི་གཙང་བཅོས་ལྟེ་གནས་དངོས་སུ་སྤྱོད་མགོ་ཚུགས་པ་དང་། རྨ་ཆེན་རྫོང་སྨན་བཅོས་ལས་ཁུངས་ཁག་གིས་མཚོ་སྔོན་བེས་ཧྥུན་ཁོར་སྲུང་ཚན་རྩལ་ཞབས་ཞུའི་ཚད་ཡོད་ཀུང་ཟི་དང་མཉམ་དུ་སྨན་བཅོས་སྙིགས་རོ་གཅིག་བསྡུས་བསྡུ་སྐྱེལ་དང་གཙང་བཅོས་བྱེད་པའི་གན་རྒྱ་བཞག་ཏེ། སྨན་བཅོས་སྙིགས་རོའི་ཐག་གཅོད་ལས་རིམ་ཚད་ལྡན་ཅན་དུ་བཏང་།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།