སོག་ཆེན་སྡེ་བའི་དབུལ་ཐར་གཏམ་རྒྱུད།
2017.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་མ་ཞོལ་མ་སྡེ་བ་སོག་ཆེན་སྡེ་བ་ནི་དབུལ་ཕོངས་སྡེ་བ་ཞིག་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོར་སྡེ་བ་ཡོངས་སུ་ཁྱིམ་ཚང་ཉིས་བརྒྱ་བཅུ་གཅིག་ཡོད་ཅིང་། དེའི་ནང་ཁྱིམ་ཚང་དྲུག་ཅུ་རེ་དྲུག་ནི་དབུལ་ཕོངས་ཁྱིམ་ཚང་ཡིན་ལ། མི་གྲངས་ཉིས་བརྒྱ་དང་ཞེ་དགུ་ཡོད་པ་རེད།

འདས་པའི་ལོ་ཟླའི་ནང་དུ་རྩྭ་ས་ས་ནག་ཐང་དུ་གྱུར་བ་དེ་ནི་མཛེས་སྡུག་ལྡན་པའི་རྩྭ་ཐང་གི་རྨ་ཁ་ཆེན་པོ་ཞིག་ཏུ་གྱུར་བ་དང་། ས་ནག་ཐང་དུ་འགྱུར་བའི་ཚད་དེ་མུ་མཐུད་དུ་རྒྱ་བསྐྱེད་དེ་ས་མུའུ་འབུམ་གཅིག་དང་ཁྲི་གསུམ་ས་ནག་ཐང་དུ་གྱུར།

ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་གོང་མ་ཞོལ་མ་སྡེ་བས་ས་དེའི་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ། ས་ནག་ཐང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཀྱི་སྟེང་འབད་བརྩོན་བྱས་ནས་ས་ནག་ཐང་དུ་གྱུར་བའི་རྩྭ་ས་དེ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཡུག་པོ་འདེབས་ས་རུ་བསྒྱུར་བར་བརྟེན། དེ་ནི་ཆ་རྐྱེན་ཞན་པའི་འབྲོག་པ་མང་ཚོགས་ཀྱི་ཞིང་ས་གཤིན་པོ་རུ་གྱུར།
ལོ་ན་གཞོན་པའི་འབྲོག་པ་ཀུན་བྷོ་ཚང་ལ་མི་གསུམ་ཡོད་པ་དང་། ཁོ་ཚང་ནི་ཡིག་ཚགས་བཙུགས་པ་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་ཡོད།

ལོ་ངོ་གསུམ་གྱི་སྔོན་ལ། ཁོ་ཚང་གི་རྩྭ་ས་ཉམས་ཞན་དུ་གྱུར་བ་དང་། གནས་ཚུལ་འདི་དག་ལ་ཁ་གཏད་གཅོག་སྐབས། སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་པར་བྲེལ་འཚུབ་ལངས་པ་དང་། ཀུན་བྷོའི་སེམས་ལ་སྔར་ལས་ཀྱང་འཚུབ་ཆ་ལངས། གོང་མ་ཞོལ་མ་ཞང་སྲིད་གཞུང་གིས་མང་ཚོགས་གཅིག་ཀྱང་མི་བསྐྱུར་བར་དབུལ་ཕོངས་ལས་ཐར་དུ་འཇུག་པའི་ཆོད་སེམས་བརྟན་པོ་བཙུགས།

སོག་ཆེན་སྡེ་བས་རྩྭ་ས་འཁོར་བསྐྱོད་ཀྱི་རྣམ་པར་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་གཟན་རྩྭ་འདེབས་འཛུགས་བྱེད་པའི་རྟེན་གཞི་དེ་ཁྱིམ་ཚང་རེ་རེ་ནས་རྩ་འཛུགས་བྱས་ཏེ། གཅིག་གྱུར་གྱིས་འདེབས་འཛུགས་བྱེད་པ་དང་། གཅིག་གྱུར་སྒོས་བསྡུ་བ། གཅིག་གྱུར་གྱིས་ཞབས་འདེགས་ཞུ་བའི་བྱ་བ་ལག་བསྟར་བྱས་ནས། འདེབས་འཛུགས་ཕན་འབྲས་ལ་ཁག་ཐེག་བྱེད་རྒྱུ་རེད།

ད་ལྟ་ཀུན་བྷོ་ཡིས་རང་ཁྱིམ་གྱི་ས་ནག་ཐང་དུ་གྱུར་བའི་ས་མུའུ་སུམ་ཅུ་བོ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་ནང་བཞག ཁོས་བཤད་རྒྱུར། ངའི་གཟའ་ཟླ་ཡང་མཉམ་ལས་ཁང་དུ་ཞུགས་ཡོད་པ་དང་། ན་ནིང་གི་ཡོང་སྒོ་སྒོར་མོ་སྟོང་ལྔ་དང་ང་གཉིས་རེད། འདི་ལྟར་བྱས་ན་ཡོང་སྒོ་འཕར་སྣོན་ཡོང་ཐུབ་པར་མ་ཟད་ང་ཚོའི་རྩྭ་ས་ཡང་ལོ་རེ་ནས་ལོ་རེར་སྔོ་ལྗང་དུ་གྱུར་ཟེར།
ཀུན་བྷོ་ཡིས་མིག་མདུན་གྱི་ཡུག་པོ་འདེབས་སའི་རྟེན་གཞི་དེ་བསྟན་ནས་བཤད་རྒྱུར། ཁྱོད་ཚོས་ལྟོས་ར། ད་ལྟ་རྩྭ་ས་སྔོ་ལྗང་དུ་གྱུར་ཡོད་ཅིང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་རིགས་བཅུ་ལྷག་རྩྭ་སའི་ནང་འཕུར་ཡོང་བ་དང་། ང་ཚོའི་འཚོ་བར་ཡང་སྤྲོ་སྣང་མང་པོ་བསྣན་ཟེར།

ཀུན་བྷོ་ཡིས་བཤད་རྒྱུར། ད་ལྟ་སྡེ་བ་ཡོངས་ཀྱི་ས་ནག་ཐང་དུ་གྱུར་བའི་ས་མུའུ་སྟོང་བཞི་དང་ཉིས་བརྒྱ་བོ་ང་ཚོ་མི་བཞིས་འདེབས་བཞིན་ཡོད་པ་དང་། ན་ནིང་ཞང་སྲིད་གཞུང་གིས་ང་ཚོ་དབུལ་ཕོངས་ལས་ཐར་དུ་འཇུག་པའི་ཆེད་དུ། སྡེ་བའི་ན་གཞོན་བརྒྱད་ལ་གཟན་རྩྭ་འདེབས་པའི་རླངས་འཁོར་དང་། གཟན་རྩྭ་འབྲེག་པའི་འཕྲུལ་ཆས་བཀོལ་སྤྱོད་བྱེད་པའི་ལག་རྩལ་སློབ་དུ་བཅུག་ལ། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ད་ལྟ་ང་གཅིག་པུས་ཀྱང་ལོ་གཅིག་ལ་ཟླ་ཕོགས་སྒོར་མོ་ཁྲི་གཅིག་ལེན་བཞིན་ཡོད་པ་དང་། རང་ཉིད་ཀྱི་སྒོ་ཁ་ནས་གཟན་རྩྭ་འདེབས་པའི་རྟེན་གཞིའི་སྟེང་ལས་ཞུགས་བྱེད་པའི་ཕུགས་འདུན་ཡང་མངོན་འགྱུར་བྱུང་ཟེར།
རྩྭ་ས་སྔོ་ལྗང་དུ་གྱུར་བ་དང་། ཡོང་སྒོ་ཡང་ཡོད་པས། ཀུན་བྷོ་ཡིས་འཚོ་བ་བཟང་ཕྱོགས་སུ་འཕེལ་ཀྱིན་པ་མངོན་སུམ་གྱིས་རྟོགས།

ཁོ་ཚོས་གླེང་མོལ་བྱེད་སྐབས། རྩྭ་སའི་གཞོགས་གཞན་ཞིག་ཏུ། བུད་མེད་ཅིག་གིས་ལག་ཏུ་འོ་ཟེའུ་བཟུང་ནས་འོ་མ་བཞོ་བར་གྲ་སྒྲིག་བྱེད་བཞིན་འདུག ཁོ་མོའི་མིང་ལ་ལྷ་རྩེ་ཟེར་ཞིང་། ཁྱིམ་དུ་བཟའ་མི་བཞི་ཡོད་ལ། ཁོ་མོའི་བཟའ་ཟླ་དབུལ་སྐྱོར་འབྲི་གཡག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་ལས་ཀར་འགྲོ་བཞིན་ཡོད་པ་དང་། ཁོ་ཚང་ནི་མཉམ་ལས་ཁང་དུ་ཞུགས་པའི་དབུལ་ཕོངས་ཁྱིམ་ཚང་སོ་བདུན་གྲས་ཀྱི་གཅིག་ཡིན་ལ། ན་ནིང་ལོ་མཇུག་ལ་སྒོར་མོ་སྟོང་ལྔ་བགོ་བྱ་བྱས།

ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། གོང་མ་ཞོལ་མ་ཞང་ཏང་ཨུ་སྲིད་གཞུང་གིས་ཀྲི་པུའུ་དང་མཐུན་ཚོགས་འབྲོག་ཁྱིམ་གསུམ་མཉམ་འབྲེལ་གྱིས་འཕེལ་རྒྱས་གཏོང་བའི་རྣམ་པ་ལྟར་དུ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་ཕྱོགས་འཚོལ་ཞིབ་བྱས་ནས། དབུལ་སྐྱོར་ཆེད་དོན་མ་དངུལ་འཛུགས་སྐྲུན་གྱི་ལས་གཞི་བརྒྱུད་དེ། མུ་མཐུད་དུ་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་།
དྲོད་འཇམ་ཉི་ཟེར་གྱིས་སྤྲིན་རིམ་བརྟོལ་ནས་སྔོ་ལྗང་གཡུ་ཡི་མནྡལ་བྱུགས་འདྲའི་རྩྭ་ཐང་སྟེང་འཕྲོས་པ་ན། བསིལ་རླུང་འཇམ་པོས་མིའི་ལུས་ལ་བདེ་དྲོད་ཅིག་བར་མེད་དུ་སྟེར་ལ། འབྲོག་པ་མང་ཚོགས་ཀྱི་གདོང་ཡོངས་ལ་བདེ་སྐྱིད་ཀྱི་འཛུམ་མདངས་གསར་བ་ཞིག་རྒྱས་འདུག

ལོ་ཙཱ། ཚེ་རིང་སྒྲོལ་མ།