མཚོ་ལྷོ་ཁུལ་གྱི་ས་གནས་སོ་སོས་ཁོར་ཡུག་དག་ཐེར་བཅོས་སྐྱོང་ཆེད་དམིགས་ཀྱི་བྱ་འགུལ་སྤེལ་ནས་ཕན་འབྲས་ཐོབ་པ།
2017.09.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

ལྟ་ཞིབ་བྱེད་ཞོར་དུ་དག་ཐེར་བྱེད་པའི་བྱ་བ་སྤེལ་བའི་ཚུན་ལ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་སོ་སོས་གོ་སྐབས་འདི་དམ་པོར་བཟུང་ནས། ཁོར་ཡུག་གཙང་སྦྲའི་གནད་དོན་འབུར་ཐོན་དང་ལམ་ངོས་ཁོར་ཡུག་དག་ཐེར་བཅོས་སྐྱོང་ཆེད་དམིགས་ཀྱི་བྱ་འགུལ་སྤེལ་ནས་ཧུར་བརྩོན་གྱིས་སྐྱེ་ཁམས་ཁོར་ཡུག་ལེགས་པོ་བསྐྲུན་པ་རེད།

གུང་ཧོ་རྫོང་གིས་མཁར་སྐོར་ནུབ་ལམ་གྱི་ཁྲིམས་འགལ་བོགས་གཡར་རྨོ་ཞིང་དུ་འཛུགས་སྐྲུན་རྒྱུ་ཆས་ཚོང་གཉེར་བྱེད་པ་དང་སྲང་འགྲམ་གྱི་ཚོང་ཁང་གིས་ལམ་བཅད་དེ་ཚོང་གཉེར་བྱེད་པ། རྡོ་སོལ་ཚོང་སའི་ཉེ་འཁོར་བཙོག་ཉོག་ཞན་གསུམ་ཡིན་པའི་གནད་དོན་བཅས་ལ་དམིགས་ནས། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་གྱིས་ཆེད་དམིགས་བྱ་འགུལ་སྤེལ་ཅིང་། འཛུགས་སྐྲུན་རྒྱུ་ཆས་དང་རླངས་འཁོར་ཞིག་གསོ། ཟས་རིགས། རྡོ་སོལ་སིལ་འཚོང་སོགས་དུད་ཁྱིམ་དོན་བརྒྱད་ལ་དག་ཐེར་བཅོས་སྐྱོང་བྱས། ཁྲིམས་འགལ་བོགས་གཡར་རྨོ་ཞིང་དུ་འཛུགས་སྐྲུན་རྒྱུ་ཆས་ཚོང་གཉེར་བྱེད་པའི་དུད་ཁྱིམ་གཉིས་ལ་སྒོ་རྒྱག་ཏུ་བཅུག་པ་དང་། མི་བགྲོད་ལམ་བུ་བདག་བཟུང་བྱས་པའི་བརྐོ་འདྲུའི་འཕྲུལ་འཁོར་དང་འཇུག་བླུག་འཕྲུལ་འཁོར་སོ་བརྒྱད་གཙང་བཤེར་བྱས་པས། མཁར་སྐོར་ནུབ་ལམ་གྱི་ལམ་བཅད་ཚོང་གཉེར་དང་གད་སྙིགས་འདོར་བ། ཅ་ལག་ཆལ་ཆོལ་སྤུངས་པ་སོགས་ཀྱི་འབུར་ཐོན་གནད་དོན་ཕལ་ཆེར་ཐག་གིས་བཅད།

ཀོས་ནན་རྫོང་གིས་ཆེད་དུ་སྟོབས་ཤུགས་རྩ་འཛུགས་བྱས་ནས། ལྷོ་སྟེགས་ལམ་འགྲམ་དུ་སྡོད་པའི་ཁྱིམ་ཚང་དང་འབྲོག་པའི་གཏན་སྡོད་ཁང་བརྒྱ་དང་ཉེར་བརྒྱད་ཀྱི་ཁང་པའི་མདུན་རྒྱབ་ཏུ་མངོན་པའི་གད་སྙིགས་དང་ཅ་ལག་ཆལ་ཆོལ་སྤུངས་པ། རྩྭ་ལྡུམ་བཞག་པ་ཐམས་ཅད་གཅིག་བསྡུས་ཀྱིས་གཙང་དག་བྱས་པ་དང་། ཟུར་ཀྱོག་གྲུ་ག་བརྒྱ་དང་ཉི་ཤུ་ལྷག་དང་ལམ་བཅད་དངོས་པོ་བཅུ་བཞི་དང་བེད་མེད་དུ་བསྐྱུར་བའི་བརྡ་ཁྱབ་བྱང་བུ་བཅུ་གཉིས་གཙང་སྦྲ་བྱས་པས། ལྷོ་སྟེགས་གཞུང་ལམ་འགྲམ་གཉིས་ཀྱི་གད་སྙིགས་དང་ཟུར་ཀྱོག་གྲུ་གའི་གཅིན་སྐྱག་ཚང་མ་གཙང་སེལ་ཐག་གཅོད་བྱས།

ཞིན་ཧེ་རྫོང་གིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས། རྫོང་མཁར་གྱི་སྲང་ལམ་གཙོ་བོ་དང་མཁར་གྲོང་གི་ཆུ་འདོན་སྦུག་དྲ་བསྒྱུར་བཅོས་བཟོ་འགོད་འཛུགས་སྐྲུན་བྱས་རྗེས་གནས་སྐབས་སླར་གསོ་བྱས་མེད་པའི་ལམ་ངོས་ས་རྡུལ་གང་བ་ཐམས་ཅད་གཙང་ཕྱགས་བྱས་པ་དང་། ཤར་ནུབ་ལྷོ་བྱང་གི་སྲང་ལམ་བཞི་པོའི་ཨར་འདམ་ལམ་སླར་གསོ་བྱས་པའི་སྤྱིའི་རིང་ཚད་སྨི་སུམ་བརྒྱ་དང་སུམ་བཅུ་ཡིན་པ་དང་། འཕྲོ་མའི་ལམ་ངོས་ལ་བྱེ་ཟེགས་བཏིང་ནས་བཅག་བཅག་བདེ་སྙོམས་བྱས། དེའི་ལས་འཕྲོ་དག་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་རྫོང་མཁར་བགྲོད་ལམ་བཞི་ཡི་དག་ཐེར་བཅོས་སྐྱོང་ལས་གཞི་ལ་བསྒུགས་ནས་ལག་བསྟར་བྱས་ཚར་རྗེས་ཡོངས་སུ་སླར་གསོ་བྱེད་ཐུབ།

དེ་དང་མཉམ་དུ།རིག་མོ་གཞུང་གྲོང་རྡལ་ནས་སྒེར་གྱིས་ཡུལ་སྐོར་ལྗོངས་གནས་ཕྱེ་བ་དང་གང་འདོད་དུ་སྒྲོམ་འཛུགས་བྱེད་པ། བཙོག་ཆུ་ཐད་ཀར་འཕོ་བ་སོགས་ཀྱི་གནད་དོན་ལ་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས། མིག་སྔའི་བར་དུ།བཟོ་སྐྲུན་གད་སྙིགས་ཏུན་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་སོ་གཉིས་དང་གཞན་པའི་གད་སྙིགས་ཏུན་ཁྲི་གཅིག་དང་སྟོང་གཉིས་ལྷག་གཙང་དག་གཙང་འདྲུད་བྱས་ཤིང་། ཁྲིམས་ལྟར་མགྲོན་ཁང་དང་ཟ་ཁང་སོ་བདུན་ལ་སྒོ་རྒྱག་ཏུ་བཅུག་པ་དང་།སྒེར་གྱིས་ཕྱེ་བའི་ཡུལ་སྐོར་བགྲོད་ལམ་བཅུ་བདུན་བཅད་པ་དང་།སྒེར་གྱིས་ཕྱེ་བའི་ཡུལ་སྐོར་ལྗོངས་གནས་ཉེར་བདུན་མེད་པར་བཟོས་པ་དང་། ཁྲིམས་ལྟར་སྒྲིག་འགལ་བཟོ་སྐྲུན་ང་བདུན་དང་ཚོང་གཉེར་ཡུལ་སྐོར་སྦྲ་གུར་ལྔ་བརྒྱ་དང་ཉི་ཤུ། དྲ་བསྐོར་རྙིང་ཧྲུལ་སྨི་སྟོང་དྲུག་དང་བརྒྱ་བཅས་མ་ལུས་པར་བཤིག་ནས་མེད་པར་བཟོས་ཤིང་། ཨར་འདམ་ས་ངོས་དང་ཁང་པའི་རྟིང་གཞི་སྨི་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གཉིས་ཉིས་བརྒྱ་དང་སུམ་བཅུ་གཙང་བཤེར་བྱས་པ་དང་།ས་ཞིང་སྨི་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དྲུག་སྟོང་གཅིག་ཉིས་བརྒྱ་བསྙམས་ཤིང་།ལུང་གྲོག་དོང་ཁ་སྨི་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གསུམ་སྟོང་གསུམ་དང་བརྒྱད་བརྒྱ་ལ་ཁོད་སྙོམས་ཁ་གསབ་བྱས།

རྩོམ་སྒྲིག་པ། སྐར་མ་མཚོ།